R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༥
[A:༢༥]ལམ་དུ་རྡོ་རྗེ་རྣལ་འབྱོར་མ་ཞལ་གཉིས་མ་གསེར་བཙོ་མའི་མདོག་ལྟ་བུ་གཟིགས་ཤིང༌། ཕག་སྐད་ཀྱི་ངུར་སྒྲས་ས་བེ་རེ་རེ་བྱེད་པའང་གསན་པ་སོགས་ཡོན་ཏན་དུ་མས་མཛེས་པ་དེ་ཉིད་ལས། བདག་ཅག་མིང་སྲིང་ཁ་ཡར་སྐྱེས་འདུག་ནའང་ཕན་ཐོགས་པ་བདག་ཅག་ལྔ་བྱུང་བ་ལས། བདག་ཡབ་དགུང་ལོ་ཞེ་གཅིག་བཞེས་པ་ཤིང་ཕོ་སྤྲེའུའི་ལོ། ཟླ་བ་བཞི་པའི་ཡར་ངོ་ཉི་མ་མེ་བཞིའི་འགྲུབ་སྦྱོར་རམ་གཟའ་ད་ལྟ་བའི་སྤེན་པའི་ཕུང་པོ་མེ་བཞིས་བསྲེགས་པའི་འཆི་སྦྱོར་ཡོད་པའི་ཉི་མ་རྩེ་ཤར་ལ་ལྟེ་བས་ཆོས་གོས་བཞིན་དུ་དཀྲིས། ཨ་ཞེས་བྱ་བའི་སྐད་དྲག་པོ་འདོན་བཞིན་དུ་བཙས་འདུག །དེའི་ཚེ་ལ་ལས་བཙན་གྱི་ཞགས་པ་ཐེབས་པ་ཡིན་མི་འཚོ་ཟེར་བ་སོགས་ཆལ་ཆོལ་མང་པོ་ལབ་འདུག་ནའང༌། གསོ་བ་རིག་པའི་ཕ་རོལ་དུ་སོན་པའི་འཚོ་བྱེད་རིན་ཆེན་པ་ཞེས་བྱ་བ་སྐུ་དྲུང་ན་བཞུགས་པ་དེ་ན་རེ། འདིའི་ལྟེ་བའི་དཀྲི་ཚུལ་ལ་དཔྱད་ན། ངེས་པར་བསྟན་པ་ལ་ཕན་པའི་དགེ་བཤེས་ཞིག་འབྱུང་ཞིང༌། རྒྱུད་ལས། དེ་འདྲ་གསོ་སླ་མི་ནོར་བཀྲ་ཤིས་བྱེད། །ཅེས་འབྱུང་བས། ཁབ་ཏུ་བཞུགས་ཀྱང་གཞན་དང་མི་འདྲ་བ་ཞིག་འབྱུང་ཞེས་ལུང་བསྟན་དེའི་ཚེ། སྔར་བུ་མོ་ཙམ་དང་ཅི་ཡང་སྐྱེ་མ་མྱོང་བའི་བུད་མེད་མང་པོ་ཞིག་ལ་བུ་ཁྱེའུ་ཁོ་ན་བཙའ་བ་སོགས་བསོད་ནམས་ཡོད་ཡོད་འདྲ་མོ་ནི་བྱུང་ངེས་སུ་གདའ། བུ་ཆུང་དེ་ཡང་ཤའི་མདངས་དཀར་བ། དཔྲལ་བའི་དབྱེས་ཆེ་བ། སྣའི་གཟེངས་མཐོ་ཞིང་སྨིན་མ་འབྲེལ་བ། སྨེ་བ་དཀར་པོའི་ག་ཤ་ཡོད་ཙམ་བྱས་པ་ཞིག་འདུག་ཅེས་ཐོས། བཙས་སྟོན་