R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༨
[A:༢༨]སོགས་མང་པོ་ཐོབ་གདའ་སྟེ་གམ་ལ་ཟིན་པ་ནི་མི་གདའ། རྗེ་བླ་མ་ཇོ་ནང་ལ་ཐེགས་པ་ན་ཕྱགས་ཕྱིར་འགྲོ་བ་ཡིན་ཟེར། ཁ་ཁྲིད་ཕྱོགས་ཇི་ཙམ་བྱས་ནའང་མ་ཉན་པར་དམ་པ་དེའི་ན་བཟའ་ལ་འཆང་ནས་ངུ་ཞིང༌། ཕ་མ་དང་སྤུན་ཟླ་ལའང་འཕྲེང་སེམས་མེད་པའི་གདུང་ཤུགས་ཆེན་པོ་བྱས་པ་ལ་བརྟེན་ནས་ཕྱག་སྒམ་སོགས་སྐུ་ཆས་ཁ་ཅིག་བཞག །རིན་པོ་ཆེ་བཞུགས་རྒྱུ་བའི་ཁུངས་བྱས་པས་ཐུབ་ཙམ་བྱུང༌། དང་མོ་ཁྱེད་ལ་དེ་འདྲའི་དད་ཤུགས་ཤིག་བདོག་སྟེ། ཞེས་རྗེ་བླ་མ་ཉིད་ཀྱི་གསུང་ལས་ཐོས་ཏེ། དམ་པ་འདིས་མ་རུངས་པ་བདག་སྐྱེ་བ་དུ་མར་དྲིན་གྱིས་བསྐྱངས་པའི་བག་ཆགས་བརྟས་པ་ཞིག་ཡིན་ནམ་སྙམ། མཁའ་ལྡིང་དབང་པོའི་རྗེས་སུ་དགའ་མ་བཞིན། །དམ་པའི་ཞབས་ཕྱིར་འབྲང་བའི་གདུང་ཤུགས་འདི། །སྔོན་གྱི་ལས་དཀར་རྡོ་རྗེའི་མདུད་པ་ཡིས། །ཉམ་ཆུང་བདག་ཡིད་དམ་དུ་བཅིངས་པར་ངེས། །རང་གི་ཨ་ནེ་འཁྲུལ་ཞིག་ཀུན་དགའི་ཞབས་ལས། སྤྲུལ་སྐུ་རཏྣ་གླིང་པའི་གཏེར་ཆོས་ཐུགས་སྒྲུབ་ཡང་སྙིང་འདུས་པའི་སྒྲུབ་དབང༌། ཚེ་སྒྲུབ་གསང་བ་འདུས་པའི་དབང༌། ཞི་ཁྲོ་དགོངས་པ་རང་གྲོལ་གྱི་དབང་རྣམས་མའི་ཕང་ནས་ཞུས་པ་ཡིན་གསུང༌། ཡབ་གྲུབ་པའི་དབང་པོ་སྐུ་མཆེད་ལས་ཀྱང་ནག་པོ་ཆེན་པོའི་གཏོར་དབང་ཡང་ནས་ཡང་དུ་ཐོབ། དེ་དག་གཏོར་སྒྲུབ་མཛད་པའི་ཉེ་འཁོར་ན་ཡོད་དུས་སྔགས་པ་གོས་ལྕགས་ནག་གསེར་མའི་ཕོད་ཀ་གྱོན་པ་ཞྭ་ཐེབ་བན་ཕུར་དང་བཅས་པ་མཐོ་གང་ཙམ་མཆོད་བཤོམས་ཀྱི་ཏིང་སོ་སོའི་སྟེང་ན་འཆམ་རལ་བྱེད་པ་དངོས་སུ་མཐོང་སྟེ།