R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༢༩
[A:༢༩] ངེད་རང་གི་རིགས་བརྒྱུད་མ་འཁྲུལ་བ་རྣམས་ལ་བྱིས་པའི་དུས་མགོན་པོའི་རྣམ་འཕྲུལ་རྒྱུན་པར་མཐོང་བ་དེ་ཡོང་ངེས་སུ་འདུག་གོ གྲུབ་དབང་ཡེ་ཤེས་གཡུང་དྲུང་དེས། །གྲུབ་པ་བརྙེས་པའི་དགེ་མཚན་ལས། །གྲུབ་པའི་རིགས་བརྒྱུད་མ་འཁྲུལ་བས། །གྲུབ་རྟགས་བྱིས་པ་ཉིད་ནས་ཐོབ། །ང་རང་དྲན་ཙམ་གྱི་དུས་བོ་དོང་རྫོང་དུ་རྗེ་བཙུན་རྡོ་རྗེ་འཆང་ལས་བིར་བསྲུང་ཐུན་མོང་བ་ཐོབ། དེའི་ཚེ་རྣལ་འབྱོར་དབང་ཕྱུག་གི་རྣམ་ཐར་ཞིབ་ཏུ་གསུང་པ་ཐོས་པས་ཕལ་ཆེར་གམ་ལ་ཟིན། ཉལ་བའི་སྒང་ལ། སྡིགས་མཛུབ་བསྟན་པས་གངྒཱ་གྱེན་ལ་ལྡོག །ཕྱག་འཚལ་མཛད་པས་དབང་ཕྱུག་ཚལ་པར་གས། །ཐལ་མོ་བརྡབས་པས་རྩེ་གསུམ་ཐལ་བར་སོང༌། །སྔོ་ནག་འབར་པ་ཁྱེད་ལ་གསོལ་བ་འདེབས། །ཟེར་བའི་བསྟོད་པ་བརྩམས་པ་དང༌། ཡང༌། དཔལ་ལྡན་བླ་མའི་ཐུགས་ཀྱི་སྲས། །ཡི་དམ་ལྷ་ཡིས་རྗེས་སུ་བཟུངས། །དམ་ཅན་རྒྱ་མཚོ་བྲན་དུ་འཁོལ། །དཔལ་ལྡན་བླ་མ་ལ་ཕྱག་འཚལ། །ཟེར་རིན་པོ་ཆེ་ལ་བསྟོད་པ་བརྩམས་པ་དྲན་ཞིང་ད་ལྟ་ཡང་མ་བརྗེད་པར་འདུག །བྱིས་པའི་དུས་སྙིང་རྗེ་ཤིན་ཏུ་ཆེ་བས་སེམས་ཅན་བསད་པ་དང་བཟུང་བ་ཐོས་ཙ་ན་སེམས་ལ་མི་བཟོད་པ་ཅི་ཡང་འབྱུང་ཞིང་ངུ་བ་ཁོ་ན་བྱེད། བཀྲ་ཤིས་སྒང་ན་ཡུམ་གྱི་ཟླ་ལ་ཡོད་པའི་ཚེ་གཞུ་མཁན་ཧོར་ཕྲུག་ཟེར་བ་ཞིག་བཙོན་ཁང་ནས་བྲོས་པ་བཙོན་རྫི་རྣམས་ཀྱིས་བསད་ནས་མགོ་བོ་ཁྱེར་འགྲོའི་འདུག་ཟེར་བ་ཐོས་པས་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ་བྱུང༌། ལྟོ་བཟའ་བ་ཡང་མི་དྲན་