R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༣༠
[A:༣༠]པར་ངུས་པ་སོགས་གསལ་པོ་དྲན་ཞིང༌། དེ་དུས་སེམས་ཅན་ལ་གནོད་པ་ཡེ་མི་ནུས་པའི་སྙིང་རྗེ་ཅན་ཞིག་བདོག་ནའང༌། ད་ནི་དྲུང་འཇོལ་མོ་བས་འབྲུག་པ་ལ་ཞུས་པ་བཞིན། མིག་ལ་ཐལ་བ་བཏབ་ཀྱང༌། སྙིང་རྗེའི་སྒོ་ནས་མཆི་མ་འཆོར་བའི་ན་མ་བསངས་པ་ཞིག་བྱུང་གདའ་བ་དཀོར་གྱི་བྱིན་རླབས་ཡིན་ནམ་སྙམ། མངལ་གྲིབ་གཡའ་དང་བྲལ་བའི་མེ་ལོང་ལ། །སྔོན་གྱི་ལས་དཀར་གཟུགས་བརྙན་འཆར་བཞིན་པ། །དཀོར་ཟས་སྣུམ་གྱིས་བྱུགས་པའི་དེ་མ་ཐག །མོག་པོར་གྱུར་འདི་བསམས་ཤིང་ཡི་རེ་མུག །སྦྱངས་སྟོབས་ཡོན་ཏན་གསར་འཕེལ་མེད་ཀྱང་སླའི། །སྐྱེས་སྟོབས་ཡོན་ཏན་དེ་རྣམས་མ་འགྲིབས་ན། །བླ་མའི་གཟུགས་བརྙན་ཙམ་འདི་མིན་ངེས་ཤིག །འབྱུང་མོད་ད་ནི་མེས་ཚིག་ཤིང་བཞིན་ནོ། །བྱིས་པའི་དུས་ནས་གོས་རྒྱན་མཆོར་པོ་གང་མཐོང་རུང་ངས་འདི་འདྲ་གྱོན་དུ་མི་ཉན་སྙམ་པ་ལྷན་སྐྱེས་སུ་འཆར་བ་ནས་དུས་ཐམས་ཅད་དུ་གོས་དམར་སེར་གང་འོས་རིང་གཟུགས་མ་ཁོ་ན་གྱོན། སྐྲ་ཡང་སོར་གསུམ་ལས་རིང་བ་བཞག་པ་མི་དྲན། མི་ཚོས་ཀྱང་སྡེ་པ་ཆོས་རྗེ་ཟེར། ང་རང་ཡང་ཁུར་བཞེས་བྱེད། སྐབས་ཤིག་ན་བོ་དོང་རྫོང་གི་ཚོམས་ཆེན་གྱི་ལྡེབས་བྲིས་མཛད་ཀྱི་འདུག་པའི་ལམ་འབྲས་བརྒྱུད་པའི་རྗེ་བླ་མ་རྡོ་རྗེ་འཆང་གི་སྐུ་འདྲའི་དྲུང་དུ་ང་རང་རབ་བྱུང་གི་གཟུགས་མཎྜལ་འབུལ་བ་ཞིག་འདྲི་རུ་བཅུག །དེའི་མཁྲིས་ཙམ་དུ་བུ་རྫི་ཨ་སྐྱབས་ཀྱང་བཙུན་པ་ལྷུང་བཟེད་ཐོགས་པ་ཞིག་ཏུ་འདྲི་བ་དང༌། ཇོ་ནང་ཀུན་མཁྱེན་ཆེན་པོའི་ཞིང་བཀོད་ཀྱི་བསྲུབས་ཤིག་ན་བྲག་ཕུག་གཅིག་ཏུ་ང་རང་རབ་བྱུང་བསམ་གཏན་ལ་རྩེ་གཅིག་ཏུ་འདུག་པའི་རྣམ་