R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༣༡
[A:༣༡]པ་ཅན་སོགས་རི་མོ་བ་རྣམས་ལ་ཞུ་བ་ཕུལ་ནས་བྲིས། ཟླ་བོ་རྣམས་ལའང་ང་བཙུན་པ་བྱེད། ཁྱེད་རང་ཚོ་ཡང་ཆོས་བྱས་པ་དྲག་ཁོ་ན་ལབས་པ་དྲན་ཞིང་འདུག །ལོ་བརྒྱད་ལོན་པའི་དབྱར་དཔལ་ལྡན་ཐེག་མཆོག་ཕོ་བྲང་ཞེས་བྱ་བའི་གཙུག་ལག་ཁང་གི་ལོགས་བྲིས་ཀྱི་ཞལ་བཀོད་ལ་འཇམ་པའི་དབྱངས་མངའ་རིས་བླ་ཆེན་ཕེབས་འདུག་པས། རང་གཞིན་གྱི་དགའ་སྤྲོ་དང་མོས་གུས་བྱུང་ནས་སྐུ་མདུན་དུ་ཡང་ཡང་ཕྱིན། གང་སྲུས་སོགས་གང་ཡོད་ཀྱི་ཕུད་ནས་ཕུལ། ལྷ་ཁང་དེར་བྲིས་པའི་བླ་མ་ཡི་དམ་ཆོས་སྐྱོང་ཐམས་ཅད་ཀྱི་མཚན་སཾ་སྐྲྀ་ཏའི་སྐད་དུ་བསླབས། གཞན་ཡང་འཕྲལ་གྱི་ཟླ་བོའི་མིང༌། སྤྱད་དངོས་ཡོ་བྱད་ཕལ་ཆེར་རྒྱ་སྐད་དུ་ཤེས་པས་ཤིན་ཏུ་ཐུགས་གཙིགས་ཆེ་བར་མཛད། དེའི་སྐབས་ཤིག་ཏུ་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་དཔལ་ལྡན་ལྕང་ལོ་ཅན་ན་བཞུགས་པའི་དྲུང་དུ་ཕྱིན་པས། སྡེ་པ་མགོན་པོ་པ་མགྱོགས་པོ་བཙུན་པ་བྱེད་རྒྱུ་ཡིན། ཡང་ན་ཤེས་བྱ་རབ་འབྱམས་ལ་མཁྱེན་པའི་སྤྱན་མངའ་བའི་མཁས་པ་ཆེན་པོ་ཞིག་བྱ། ཡང་ན་ཚེ་དང་སྒྲུབ་པ་མཉམས་ཏེ་ཕུག་སྒོ་ཕྱེ་བ་དང་འཕུར་ཐུབ་པ་མཉམ་པོ་ཞིག་བྱེད་དགོས། གང་བྱེད་དམ་གསུང་བ་ན་སྙིང་ལ་བརྗོད་དུ་མེད་པའི་སྤྲོ་དགའ་བསམ་གྱིས་མི་ཁྱབ་པ་ཞིག་སྐྱེས། བདག་གསུང་བ་དེ་གཉིས་གང་བྱེད་ལགས་ཞུས་པས། ཡང་ཡང་བཞད་ཅིང་མགོ་ལ་ཕྱག་གིས་བྱིལ་བྱིལ་མང་པོ་མཛད་ཅིང་བཟང་བཟང་དེ་བཞིན་དུ་གྱུར་ཅིག་གསུང༌། འདྲེན་པ་མཆོག་གི་གསུང་ངག་བདུད་རྩིའི་བཅུད། །སྣ་དབང་པདྨའི་ཟེའུ་འབྲུར་ལྷུང་མ་ཐག །རིང་ནས་གོམས་པའི་