R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༣༢
[A:༣༢]ཡིད་ཀྱི་བུང་བ་དེ། །ལྷན་སྐྱེས་སྤྲོ་བའི་བྲོ་གར་ཅི་ཡང་རྩེན། །ཁྱོད་ཀྱིས་བྱིས་པའི་དུས་སུ་གང་བསམས་པའི། །ཁུར་དེ་ཕྱེད་ཙམ་ཁྱེར་ནའང་མཁས་གྲུབ་ཅིག །འབྱུང་ལ་ཐེ་ཚོམ་མེད་མོད་ད་ལྟའི་བར། །དོན་མེད་ལས་འདི་གང་གི་སྐྱོན་ཡིན་ཀྭ་ཡེ། །ཀྭ་ཡེ་སེམས་ལ་སེམས་ཀྱི་གྲོས་ཐོབ་དང༌། །དང་པོའི་དུས་ནས་ཡིད་ལ་སྨོན་པ་གང༌། །གང་དེ་དོན་མེད་གྱུར་ན་མ་ལེགས་ཀྱི། །གྱི་ནར་མ་འདུག་བློ་སྐྱེད་མི་འདོན་ནམ། །རང་ལོ་བརྒྱད་ལོན་པ་ལྕགས་མོ་ཡོས་ཀྱི་ལོ་སྟོན་ཟླ་འབྲིང་པོ་འབྲུ་བཅུད་ཐམས་ཅད་ཕུན་སུམ་ཚོགས་པའི་དུས་བཀྲ་ཤིས་ཀྱི་གཙུག་ལག་ཁང་དཔལ་ལྡན་ཐེག་པ་མཆོག་གི་ཕོ་བྲང་དུ་མཁན་པོ་དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་བདག་ཉིད་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་ཀུན་དགའ་ལེགས་པའི་ཞལ་སྔ་ནས། གཙུག་ཕུད་འབྲེག་པའི་དགེ་སློང་གནས་བརྟན་མཁས་པ་ནམ་མཁའ་གཟི་བརྗིད། འདུལ་བ་འཛིན་པ་ནམ་མཁའ་དོན་གྲུབ་སོགས་དད་པའི་དགེ་འདུན་ལྔའི་དབུས་སུ་རབ་ཏུ་བྱུང་བའི་སྡོམ་པ་བླངས། མིང་མཁྱེན་བརྩེའི་དབང་ཕྱུག་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་ཞེས་བཏགས། དགའ་སྟོན་རྒྱ་ཆེར་བསྒྲུབས་ཏེ། ཤཱཀྱའི་སྲས་ཀྱི་ཁོངས་སུ་ཆུད་པས་སྙིང་ལ་སིམ་པ་ཅི་ཡང་ཐོབ་པར་གྱུར་ཏོ། །མེ་དང་དུག་དང་སྒྲམ་ཆེན་སྦྲུལ་གྱིས་འཁྲིགས་པའི་ནགས་ན་རྩེ་བ་བཞིན། །རྣམ་མང་སྐྱོན་བརྒྱས་ཉེ་བར་འཁྱུད་པའི་ཁྱིམ་གྱི་དགའ་བ་སྤངས་ནས་འདིར། །ཡིད་འཕྲོག་ག་བུར་གཟེགས་མས་བྲན་པའི་ཧ་རིའི་ནགས་ཀླུང་འཇམ་པོ་དང་མཚུངས་པ། །ཐར་པའི་ཐེམ་སྐས་སོ་སོ་ཐར་ཞེས་མིང་ཙམ་གྱིས་ཀྱང་སྙིང་ལ་སིམ་པ་སྟེར་དེ་བདག་