R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༣༣
[A:༣༣]གིས་ཐོབ། །ཀྭ་ཡེ་འདི་ན་ཁམ་ཕོར་དུམ་བུར་ནི། །ཐལ་མེད་ཆུ་ཙམ་འཐུང་བཞིན་སྡུག་བསྔལ་བརྒྱས། །རབ་གཙེས་དབུལ་པོའི་ཁྱིམ་ཡང་བཏང་དཀའ་ན། །ཆེས་མཐོའི་རྒྱལ་སྲིད་སྤོང་བ་ཨེ་མ་མཚར། །གཟུགས་དང་ལང་ཚོ་བློ་གྲོས་ཕུན་ཚོགས་ཤིང༌། །འཁོར་དང་ལོངས་སྤྱོད་མངའ་ཐང་བསམ་ཡས་ཀྱང༌། །བཞི་མདོའི་རྩྭ་བཞིན་རིང་དུ་དོར་ནས་ནི། །ཤཱཀྱའི་སྲས་དེའི་རྗེས་སུ་དད་པས་ཞུགས། །གྲོགས་དག་གང་དུ་བཏང་དཀའ་རྒྱལ་པོའི་ཁྱིམ་གྱི་འབྱོར་པ་ཕུན་ཚོགས་མི་ཟད་དེ་དང་ནི། །མཁུར་ཚོས་དམར་སྣུམ་ནུ་མའི་ཁུར་གྱིས་དུབ་པའི་མཛེས་མ་གསེར་གྱི་རྣ་ཆ་གཡོ་བ་དང༌། །རུ་དར་སྤྲིན་གྱིས་ནམ་མཁའ་སྒྲིབ་བྱེད་དཔའ་བོའི་དཔུང་བཅས་རྒྱལ་སྲིད་མཆིལ་མ་ལྟར་སྤངས་ནས། །ངུར་སྨྲིག་གོས་གྱོན་ཉམ་ཆུང་གྱི་ནར་རྒྱུ་བ་འདི་ནི་བདག་གི་ལེགས་ཚོགས་དང་པོ་ཡིན། །དེ་ནས་རྗེ་བཙུན་རྡོ་རྗེ་འཆང་ཆེན་པོ་དཔལ་བོ་དོང་ཨེའི་བླ་བྲང་དཀར་པོར་བཞུགས་པའི་ཕྱགས་ཕྱིར་བསྙེན་ནས། གནས་ཀྱི་སློབ་དཔོན་འཇམ་པའི་དབྱངས་མངའ་རིས་བླ་ཆེན་ལ་ཞུས་ཏེ་བསླབ་སྦྱངས་བྱེད་པའི་ཁུངས་བྱས། དེར་སླེབ་ནས་རིང་པོ་མ་ལོན་པ་ན་རྨི་ལམ་དུ་ང་རང་གི་ཨ་མ་ཡིན་སྙམ་པའི་བུད་མེད་ཅིག་གིས་སྟོད་ཐུང་སྔོ་ཁྲ་ཞིག་བཀབ། སྤོས་ཤིན་ཏུ་དྲི་ཞིམ་པ་བརྒྱ་ཁྲེས་མང་པོ་བཅུག་པའི་སྒམ་ཞིག་དང༌། ཐོད་པ་ནས་སྨུག་པོས་ཕྱུར་བུར་གང་བ་ཞིག་བྱིན། ཚིགས་བཅད་ཅིག་འདོན་གྱི་འདུག་པ་ཡིད་ལ་མ་ཟིན། རྨི་ལམ་དེ་ཞབས་དྲུང་དུ་ཞུས་པས་བོ་དོང་གི་ལྷ་མོ་འདི་མཉེས་པའི་མཚན་མ་ཡིན་