R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༣༤
[A:༣༤]ནམ་སྙམ། སྤོས་དེ་ལ་ལྟས་ན་ཚུལ་ཁྲིམས་གཙང་སིང་བ་ཨ་ཐོ་བ་ཞིག་ཡོང་བ་ཡིན་ནམ་གསུང༌། རྒྱ་བོད་ཀྱི་ཀློག་ཐམས་ཅད་ཟླ་བ་གཅིག་ལ་ལེགས་པར་ཤེས་མོད། བླ་ཆེན་སྐུ་དྲིན་ཅན་དེས་ཁྱོད་བླ་མ་བྱེད་པ་ལ་ཀློག་ཕྱེད་ཙམ་གྱིས་མི་ཆོག་གསུངས་ནས། དཀོན་མཆོག་བརྩེགས་པ་དུམ་པ་བཅུ་དྲུག་པ་ཚང་བ་ཚར་གཅིག་དང༌། སྔགས་འབུམ་པར་མ་རྒྱལ་རྩེ་ན་བཞུགས་པ་དེ་ཚར་ཁ་ཡར་འདོན་དུ་བཅུག་པས་དེང་སང་གང་ཀློག་ཀྱང་ངལ་དུབ་མེད་ཙམ་འདི་བྱུང་བ་ལགས། རྗེ་བཙུན་བིརྺ་པ་ནས་རྡོ་རྗེ་འཆང་ཡན་གྱི་སྐུ་བསྟོད་རྣམས་དང༌། མཚན་བརྗོད། བཟང་སྤྱོད། སྒྲོལ་མ། ཤེར་སྙིང༌། ལྟུང་བཤགས། བྱམས་སྨོན་སོགས་ཉེར་མཁོའི་ཆོས་སྤྱོད་ཐམས་ཅད་གསུང་སྤོར་མཛད་ནས་བསླབས་པས་ཚེགས་མེད་པར་ཤེས། ཡི་གེ་ནི་བསླབ་པའི་ཁུང་བྱས་བྱང་ཤིང་ལ་ཡིག་འཕྲེང་གཅིག་བྲིས། དེ་ནས་ཧམ་པ་བྱས་བྲིས་པའི་རྩལ་ཡིག་མ་གཏོགས། རྒྱ་བོད་ཀྱི་ཡི་གེ་གང་ཤེས་འདི་གཅིག་ཀྱང་བསླབས་པ་མི་བདོག །ཀློག་ཀྱང་དབུ་མེད་འདི་ཞོར་ལ་ཤེས་པ་ཡིན། རི་མོའང་ཆ་ཚང་ནི་མི་ཤེས། གཞན་བྲིས་སྐུ་ཤོབ་བེ་བ་ཉན་ངེས་འདི་ཡང་རང་རྡོལ་ལ་ཤེས་པ་ལགས་ཤིང༌། སྙན་ངག་སྒྲ་དོན་གྱི་རྒྱན་གང་བརྩམས་ཀྱང་བརྩམ་སྟན་ལ་མ་ལྟོས་པར་བྲིས་ཚད་སྙན་ངག་དུ་ཡོང་བའི་གུ་ཡངས་པོ་འདི་རང་ཤེས་ཁོ་ན་ལགས། དེའི་སྐབས་ཤིག་སྲོད་ལ་ཕྱིར་ཁམས་གསེང་དུ་ཕྱིན་པས། ཁ་སང་རྨི་ལམ་དུ་བྱུང་བའི་བུད་མེད་དེས་མདའ་དར་ཞིག་དང༌། ཚེ་བུམ་ཞིག་ཁྱེར་གར་སྟབས་བྱེད་ཅིང་སླེབས་བྱུང་བ་ལ། ཟླ་བོ་