R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༣༥
[A:༣༥]ཞིག་དེར་ཡོངས་མ་ཐག་དེ་འཇའ་ཡལ་བ་ལྟར་སོང་ནས་བྲེད་ཞུམ་མེ་བ་ཞིག་བྱུང་དྲུང་དུ་ཞུས་པས། ལྷ་མོ་དེས་ཚེའི་དངོས་གྲུབ་ཅིག་སྟེར་བ་ཡིན་ཤས་འདུག་ནའང་ཅུང་ཟད་བར་ཆད་དུ་སོང་འདུག་པས་ཚེ་སྒྲུབ་ཅིག་གྱིས་གསུངས་ནས། ལོ་ཚེས་པའི་ཟླ་བ་དང་པོ་ལ་གྲུབ་རྒྱལ་ལུགས་ཀྱི་ཚེ་དཔག་མེད་ཀྱི་སྒོ་ནས་ཨ་མཱ་ར་ཎི་འབུམ་ཕྲག་བཅུ་བགྲངས། རྨི་ལྟས་འདི་ཡིན་ནི་གང་ཡང་མ་བྱུང༌། དངོས་སུ་འོད་འཁྱུག་པ་དང༌། གཟུགས་འདི་ཡིན་མེད་པའི་ཟ་ངེ་ཟི་ངེ་མང་པོ་མཐོང་ཞིང་དེ་ལ་བྲེད་སྣང་ཡོད་པ་དེ་འདྲ་མང་པོ་བྱུང་ནས་ཞུས་པས། ཁྲོ་བོའི་དབང་པོ་མི་གཡོ་བ་དཀར་པོའི་རྗེས་གནང་ཞིག་མཛད་ནས། གཉིད་སད་མ་ཐག་སྔགས་བརྒྱ་རྩ་རེ་ཟློས། ངེས་པར་བར་ཆད་ཀྱིས་མི་ཚུགས་གསུང་བ་བཞིན་རྗེས་གནང་ཐོབ་པ་ནས་བར་ཆད་དེ་རྣམས་གང་ཡང་མ་བྱུང༌། དེ་ནས་བཟུང་སྟེ་མི་གཡོ་བ་དཀར་པོ། ཕྱག་རྡོར་དཀར་པོ། སྣ་ཚོགས་ཡུམ། རི་ཁྲོད་ལོ་མ་ཅན། འཇམ་དཔལ་ནག་པོ་རྣམས་ལ་ཉིན་རེ་བཞིན་མངོན་རྟོགས་བཟླས་པ་བརྒྱ་རྩ་ལ་ཉུང་མཐའ་བྱས་པ་རེ་ཆག་མེད་བྱེད་ཀྱི་ཡོད་ནའང་དུས་ཕྱིས་གཞན་འདྲས་ཁ་དོག་ཁྱེར་སོང༌། དགོངས་རེ་བཞིན་བིར་བསྟོད་གོང་བསྟོད་ལྔ། མཚན་བརྗོད། ཤེར་སྙིང༌། སྒྲོལ་མ་སྒྲོལ་གསོལ་དང་བཅས་པ་རྣམས་ཀྱང་ཆག་མེད། ལྟོ་ནམ་ཟ་དུས་དཀོན་ཅོག་རྗེས་དྲན། ཡོན་ཡོངས་སྦྱོང་གི་གཟུངས་སྨོན་ལམ་དང་བཅས་པ་བྱེད་དགོས་ཀྱི་ཡོད་པ་རྟ་ནག་ལ་ཕྱིན་པས་རང་གྲོལ་དུ་སོང་བ་ཡིན་ནོ། །དེའི་སྐབས་ཤིག་མཁན་ཆེན་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་འཁོར་ཉུང་ཤས་དང་བཅས་དབུས་ནས་གཙང་ལ་ཕེབས།