R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༣༦
[A:༣༦] བདག་གི་བླ་མ་དམ་པའི་དྲུང་ན་མཇལ་ཞིང་གསུང་ཆོས་འདྲའང་གསན་གྱི་འདུག་པ་མཐོང་བས། སྔར་ཡེ་མ་མཇལ་ནའང་འདྲིས་འདྲིས་འཐད་འཐད་འདྲ་མོ་ཞིག་གི་སེམས་ལ་དགའ་ཚོར་དང༌། བླ་མའི་དགའ་བ་ལ་བསམ་པ་དུང་དུང་བ་བྱུང༌། རྗེ་འདར་ཕྱོགས་ལ་ཕེབས་ཁར་བདག་ཡོད་སར་ཐོལ་གྱིས་བྱོན་བྱུང་ནས་གོས་ཆེན་ལྕགས་ནག་ཁ་དོ་པ་ཞིག་དང༌། སྟོང་སྐུད་དམར་པོ་ཞིག་གནང༌། འདི་ལ་ཕྱག་འཕྲེང་ཐག་པ་བཞིན་མཛོད། གོས་ཆེན་འདི་ལ་བྲིས་སྐུ་ལྟ་བུ་མཛད་དམ་གང་ནའང་མི་ལ་མ་གནང་བར་ཕྱག་ཚགས་མཛོད། རྟེན་འབྲེལ་ཅིག་ཡོད་དོ་གསུང་ཞིང་ཞལ་མཛུམ་མང་པོ་མཛད་ཀྱི་འདུག་པ་དེ་དུས་ནི་དགའ་བ་ལ་བསམ་པ་ཙམ་ལས་མ་བྱུང༌། ད་བསམས་ན་མགོན་པོ་ཆེ་ཆུང་འདི་རྣམས་ཐོབ་པའི་རྟེན་འབྲེལ་བསྒྲིག་པ་གནང་བར་འདུག་གོ །རྒྱལ་བའི་དགོངས་པ་ཟབ་གསལ་མཁའ་དབྱིངས་ལ། །ཚུར་མཐོང་བྱིས་པས་སྦར་ཚོད་ཅི་ཞིག་ཐིངས། །དུས་གསུམ་གསལ་བར་མཁྱེན་དེས་བདག་ལྟ་བུའང༌། །སྙན་བརྒྱུད་གདམས་པའི་སྣོད་དུའང་རུང་བར་དགོངས། །དམ་པའི་ཞལ་བཞེས་རྡོ་ཡི་རི་མོ་བཞིན། །འགྱུར་མེད་བདེན་པས་ཐུགས་ལ་བཏགས་ན་ཡང༌། །རང་གིས་གསོལ་བ་བཏབ་པའང་མི་དྲན་པ། །ཨ་ཧོ་ལས་ཉོན་དབང་གིས་སྐྱེས་པས་ལན། །བླ་མ་དེའི་ཕྱགས་ཕྱི་དང༌། གཞན་ཡང་ཕྱོགས་ཀྱི་ཞུ་བ་པོ་མང་པོའི་ཞོར་ལ་གསུང་གི་བདུད་རྩི་དུ་མ་ཞིག་ཐོབ་ནའང་རྟོགས་སླ་བའི་ཕྱིར་འོག་ཏུ་ཕྱོགས་གཅིག་ཏུ་འགོད་པར་བྱའོ། །དེ་ནས་ལོ་དགུ་ལ་ཁ་བལྟ་བའི་དུས་