R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༤༠
[A:༤༠]ཀྱང་བྱས། ལོ་བཅུ་གཉིས་ལོན་པའི་དགུན་མགོའི་ཟླ་བའི་ཚེས་བཅུ་བཞི་ལ་བཀྲ་ཤིས་ཀྱི་གཙུག་ལག་ཁང་དཔལ་ལྡན་ལྕང་ལོ་ཅན་དུ་མཁན་པོ་རྗེ་བཙུན་བླ་མ་དམ་པ་དེ་ཉིད་དང༌། གྲིབ་ཚོད་པ་བླ་ཆེན་རིན་པོ་ཆེས་མཛད་ཚིགས་སྔ་མ་དགེ་ཚུལ་གྱི་སྡོམ་པ་རྣམ་པར་དག་པ་ཐོབ། ཡུན་རིང་པོའི་བར་སྔོར་དཀར་དང་བཅས་པའི་རང་ཚུགས་ངོ་ལྐོག་མེད་པའི་དགེ་ཚུལ་ད་མ་དོག་ཆེ་ཟེར་བ་ཞིག་བྱས། དེ་ནས་ཟླ་བ་ཕྱི་མར་རྗེ་བླ་མ་གྲུམ་སྟོད་ཁའུའི་བྲག་རྫོང་ནས་རྒྱལ་བའི་རྒྱལ་ཚབ་གྲོང་སྟོད་རིན་པོ་ཆེའི་ཞལ་སྔ་ནས་ཀྱིས་སྤྱན་དྲངས་པའི་ཕྱག་ཕྱིར་ཕྱིན། ཡར་ལམ་གདོང་ཁར་ནང་སོ་རྣམ་པས་གཞི་ལེན་སོགས་བཟབས་བཟབས་མང་པོ་མཛད། ཁོང་ཚོ་བཀའ་བརྒྱུད་པའི་ཁུངས་བྱེད་ཀྱིན་གདའ་བས། སྡོམ་གསུམ་དང་ཐུབ་པ་དགོངས་གསལ་གྱི་ཕྱག་རྒྱ་པ་ལ་དགག་པ་མཛད་པ་རྣམས་ལ་བརྟེན་ནས་ཆོས་སྐད་ཟིར་ཟིར་གང་ཡང་བྱས་མོད། ཁྲོམ་ཐུབ་རང་བྱུང་བ་མེད་དམ་བསམ། དེ་དུས་ནི་ངག་སྒོ་ཡངས་པའི་ཐོག་ཆོད། དེ་ནས་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱའི་གཙུག་ལག་ཁང་དུ་ཕེབས། མདུན་གྱི་ཞིང་སྟེང་ཞིག་ནས་ཕྱག་འབུལ་མཛད་ཀྱི་འདུག་པའི་དུས་གནམ་ས་ངོ་མི་ཤེས་པའི་ཟི་དིང་བ་ཞིག་མ་གཏོགས་གང་ཡང་མཐོང་རྒྱུ་དང་གཞིག་པ་ཆུག་རྒྱུ་མ་བྱུང༌། བདག་ཆེན་ཆོས་རྗེ་ཁྲི་ཐོག་རིན་པོ་ཆེ་དང་མཇལ། བརྩེ་སྐྱོང་ཡང་བཟབས་མ་མཛད། སྒོ་རུམ་གྱི་བླ་མ་ལྷ་ཁང༌། བསེ་འབག་ཉིད་དང་བཅས་པ་མཇལ། གུར་གྱི་སྐུ་དེ་ཞལ་རས་ཀྱི་དཔངས་མདའ་གང་ཙམ་ཡོད་པའི་ཁྲོ་བོ་ཞི་མ་ཁྲོ་མཐིང་ཁ་འོད་ཆགས་པ་རྒྱ་སྨིན་མ་ལ་གསེར་ཤོག་བཏབ། ཤངས་ཀྱི་རྩེ་སོགས་ལ་རྩི་གོགས་པ