R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༣༩
[A:༣༩]འཛུགས་པ་ཡིན་ནོ། །བསྟན་པའི་རྒྱལ་མཚན་ཚུགས་པར་གྱུར་ཅིག །ཅེས་གསུངས་ཞིང་དེ་ལ་གཟིགས་ནས་བཞད་ཀྱིན་གདའ་བ། ངེད་ཀྱི་བླ་མ་འདི་གཞན་རྩེད་མོ་མཛད་ཀྱི་འདུག་པ་སུས་ཀྱང་མཐོང་བ་མེད། དེ་དུས་ནི་ཀུན་གྱིས་སྐུ་རྩེད་ཙམ་དུ་གོ །ད་བསམས་དུས་རྗེ་བླ་མ་དེའི་ཞལ་སློབ་བཟང་ལ་ཧྲགས་པ་བདོག་སྟེ། རྒྱ་དང་མོན་གྱི་དཔེས་ད་ལྟ་དུས་འཁོར་དང་གསུང་ངག་རིན་པོ་ཆེ་སོགས་ལ་འཆད་ཉན་བྱེད་མཁན་བདག་གཅིག་པུར་ངེས་པ་འདི་དགོངས་པའི་ལུང་བསྟན་དུ་གདའ་འོ། །དངོས་ཀུན་ལག་མཐིལ་གནས་པའི་ཤིང་ཏོག་བཞིན། །སྒྲིབ་མེད་གཟིགས་པའི་རྣམ་འཕྲུལ་བསམ་ཡས་པ། །ལན་བརྒྱར་བསྟན་ཀྱང་ཇི་བཞིན་མི་གོ་བ། །བདག་སོགས་ལྐོག་ཤལ་སྤངས་པའི་བ་ལང་ཉིད། །ཉིད་ཀྱིས་གསང་ཆེན་བསྟན་པའི་རྒྱལ་སྲིད་དང༌། །དང་པོའི་སངས་རྒྱས་ཆེད་དུ་གསལ་གྱིས་ཤེས། །ཤེས་རབ་མིག་བྲལ་བདག་ལ་གདམས་པའི་དོན། །དོན་བཞིན་འགྲུབ་པར་བླ་མའི་ཐུགས་རྗེས་བཟུང༌། །གཞན་ཡང་ཀུན་རིག་ས་ལུགས་དང༌། འོད་ཟེར་ཅན་ལྷ་ལྔ་སོགས་དཀྱིལ་ཆུང་ཁ་ཡར་བསླབས་ཤིང་ཀུན་རིག་ཚར་དྲུག་ཅུ་ཙམ་དང༌། འོད་ཟེར་ཅན་ཕྱེད་དང་སུམ་བརྒྱ་ཙམ་སོང༌། དེ་དག་དབང་ལུང་ཕྱག་ཁྲིད་རགས་པ་ནི་རྗེ་བཙུན་མཆོག་གིས་སྩལ་ལ། རྡོ་རྗེ་དྲིལ་བུ་འཛིན་ལུགས་ཚུན་ཆོད་ཀྱི་ཕྱག་ལེན་ཕྲ་ཞིང་ཕྲ་བ་ནི་བླ་ཆེན་ཐུགས་རྗེ་ཅན་དེས་མཛད་དེ། དཔྱིས་ཕྱིན་པར་ཐུགས་ལ་བཏགས་པ་ལགས་ཤིང༌། ཕྱག་ན་རྡོ་རྗེ་ཨུ་ཙརྻའི་སྔགས་འབྲུ་འབུམ་ལས་སྔགས་བཞི་ཁྲི་དང་བཅས་པའི་གཞི་བསྙེན་ཞིག་