R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༤༢
[A:༤༢]བརྙེས་པའི་ས། སྟོབས་འཕྲོག་དབང་པོ་འཁོར་དང་བཅས་པས་མངོན་སུམ་དུ་བསྟེན་པའི་ལྗོངས་གྲུམ་སྟོད་ཁའུའི་བྲག་རྫོང་དུ་ཕེབས། གཞིས་བཞུགས་རྣམས་ཀྱིས་དར་འཕྱར་སེར་སྦྲེང་སོགས་བཟབས་བཟབས་ཅི་ཡང་ཞིག་མཛད། དེ་ནུབ་བླ་མ་རྗེའི་ཕྱག་ཕྱིར་འདུ་ཁང་གོང་མ་དེར་བསྡད། སང་ནས་རྗེ་བླ་མ་ལམ་འབྲས་ལྷ་ཁང་དུ་བཞུགས། བདག་གིས་འབུམ་ཐང་དང་ཁད་ཉེའི་སྒྲུབ་ཆེན་བརྩོན་འགྲུས་པ་བྱ་བའི་ཁང་ཆུང་ཞིག་གི་གཡབས་སུ་ཡོལ་བ་བྱས་ནས་བསྡད། རྗེ་རིན་པོ་ཆེ་གདན་སའི་དྲུང་གི་གཞིས་ལེན་བརྩེ་སྐྱོང་བསམ་གྱིས་མི་ཁྱབ་པ་ལན་ཅིག་མ་ཡིན་པར་ཐུགས་ལ་བཏགས། ངེད་རང་གིས་ཀྱང་ཚོགས་སུ་མང་ཇ། གདན་ནོན་འབུལ་འགྱེད་དང་བཅས་པ་བསྒྲུབས། གྲུབ་ཆེན་རྣམས་ཀྱང་ཉིན་རེ་བཞིན་གཉིས་གསུམ་རེ་གདན་དྲངས། གསོལ་ཇ་ཚ་བཞེས་བཟབས་ཐག་ཆོད་རེ་སྐོར་མ་བྱས་ཐམས་ཅད་ལ་ཞུས། བདག་གི་བླ་མ་སྐུ་དྲིན་ཅན་དེས་རྒྱལ་ཚབ་དམ་པས་དབུ་མཛད་གཞིར་བཞུགས་ཀྱི་དགེ་འདུན་དཔལ་ལྡན་ས་སྐྱ་པའི་སྙན་བརྒྱུད་ཀྱི་ཟབ་ལམ་ཉམས་སུ་བཞེས་བཞིན་པ་ལྔ་བཅུ་ཙམ་དང༌། བདག་སོགས་ཕྱོགས་མཐའི་གྲྭ་པའང་ཐོགས་པ་དང་བཅས་པའི་བདུན་ཅུ་ཕྱིན་ལ། གསུང་ངག་རིན་པོ་ཆེ་ཟླ་བ་གསུམ་གྱི་བར་སྨིན་རྒྱས་སུ་སྐུ་དྲིན་བསྐྱངས། གསུང་ངག་དང་འབྲེལ་བའི་དབང་བྱིན་རླབས་ཕལ་ཆེ་བ་དང༌། དཔལ་དུས་ཀྱི་འཁོར་ལོའི་དབང་སོགས་སོ་སོའི་བཞེད་པ་དང་བསྟུན་པའི་དབང་ལུང་དུ་མ་ཞིག་གནང་གི་འདུག་པ་ཕལ་ཆེར་ཐོབ། ཁྱད་པར་བྲག་སྒོའི་དྲུང་དུ་སྟོབས་འཕྲོག་དབང་པོ་བསྙེན་དུས་ཀྱི་རྗེས་གནང་ཞིག་