R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༤༣
[A:༤༣]གནང་བའི་ཚེ་ཡེ་ཤེས་ཕབ་ཚར་མཚམས་ལ་ཞབས་དྲུང་གི་དབུ་ཐོག་གི་བླ་བྲེའི་ཐད་ནས་བ་ཐག་ཅིག་བརྐྱང་བའི་སྣ་ལ་སྡོམ་ཆུང་ངུ་ཞིག་བབས་ནས་རྗེས་གནང་མ་གྲོལ་གྱི་རིང་ངེད་ཀྱི་པང་ན་ཕར་རྒྱུག་ཚུར་རྒྱུག་བྱེད་ཅིང་བསྡད་འདུག་མོད། རྗེས་སུ་གར་སོང་ནི་མ་ཤེས། རྗེས་གནང་ཞུ་གྲོགས་ལ་ཡོད་པའི་སྒྲུབ་ཆེན་ཁ་རེ་ཁྱོད་ཀྱིས་རྗེས་གནང་ཞུས་པས་བསྙེན་རྟགས་བྱུང་ཟེར་ངོ་མཚར་མཚར་ནི་བྱེད་ཀྱི་འདུག །དེ་འདྲའི་བཤད་ཚོད་འདུག་པ་ནི་མ་མཐོང༌། ཡང་ངེད་རྣམས་བླ་བྲང་ནས་གནས་ཚང་དེར་བསྐྱས་པའི་ཚེ་བླ་བྲང་པའི་ཁྲོལ་ཁྱི་རྒྱ་བོ་ཞིག་གདའ་བ་དེ་ངེད་ཀྱི་ཕྱི་ལ་སླེབ་བྱུང་ནས་སྒོ་འགག་ཏུ་སྡོད། བདག་གསུང་ཆོས་ལ་ཕར་འགྲོ་དུས་འདུ་ཁང་གི་འགག་ཐུབ་སྐྱེལ། སླར་གནས་ཚང་གི་གནམ་སྒོའི་འོག་ཏུ་ཉལ་ནས་སྡོད། གསུང་ཆོས་གྱེས་གདོང་དུ་འདུ་ཁང་འགག་ཏུ་ངེད་བསུ་བ་ལ་སླེབ་ཡོང༌། ནམ་ལ་ངེད་སྡོད་ས་དེ་ལ་སྐོར་བ་བྱེད་ཀྱིན་འབའ་དིར་བྱེད་པ་ཞིག་བྱུང་བ་བོ་དོང་ལ་ཕྱིར་འགྲོ་དུས་མདུན་གྱི་ཟམ་ཆེན་བུད་བུད་ཕྱི་ལ་འབྲངས་དེ་ནས་ཕྱི་མིག་ལྟ་ཞིང་ལོག་སོང་བས་སེམས་འཕྲེང་པོ་ཞིག་བྱུང་བ་གང་ཡིན་ནི་མི་ཤེས་ཕན་ཐོགས་ལ་དགོད་བྲོ་བ་ཞིག་བྱུང་ངོ༌། །ཚུར་ལམ་གདན་ས་ཆེན་པོར་ཞག་འགའ་བཞུགས་རྩིས་གནང་གི་འདུག་ནའང་བོ་དོང་ནས་གདན་འདྲེན་ངོས་དྲག་ཙམ་བྱུང་བ་ལ་བརྟེན་གར་གཞུང་བརྒྱུད་ནས་ཕེབས། དེ་རྗེས་བོ་དོང་བླ་བྲང་དཀར་པོར་ཟླ་བ་གསུམ་གྱི་བར་གསུང་ངག་རིན་པོ་ཆེའི་དབང་གོང་མ་གསུམ་གྱི་ལམ་ཁྲིད་རྗེ་བཙུན་ཉིད་ལ་ཇི་ལྟར་བཞུགས་པའི་ཡི་གེའི་ལུང་བྱིན་རླབས་སྒྲུབ་པ་ལུང་བྱིན་གྱི་བར་