R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༤༤
[A:༤༤]བརྒྱུད་པ་གསུམ་ལས་འོངས་པའི་མན་ངག་ཐམས་ཅད་ཡོངས་སུ་རྫོགས་པར་ཐོབ། གྲོལ་སྟོན་ཚོགས་ཀྱི་འཁོར་ལོ། བསགས་སྦྱང་གི་མཎྜལ་གྱི་ནས་ཁལ་ལྔ་བཅུ་ལྷག་པ། གསེར་ཞོ་གསུམ་གྱིས་གཙོས་པའི་འབུལ་བ་དཔངས་གང་ཆེ་དང་བཅས་པའང་ཕུལ། བདག་ལ་རྟེན་ཁེབས་མ་ཎི་མ་ཧོར་དུས་ཤིག །འཇམ་དབྱངས་ཀྱི་གསེར་སྐུ་ཞིག །དར་དུར་ཁ་ཁ་གྲུ་ཡངས་པ་ཞིག་རྣམས་གནང༌། ཆོས་འདིའི་བདག་པོ་རེ་བ་ཡིན་པས་ཐོས་བསམ་དང་ཉམས་ལེན་ལ་འབུངས། དཔེ་ཙམ་ལྟས་པས་ཤེས་པའི་ཆོས་མ་ཡིན་པས་བླ་མའི་གསུང་སྒྲོས་ལ་ནན་ཏན་མཛོད། སྟེར་བྱིན་འདི་ལ་གནང་དཔངས་ཤིག་མི་གདའ་སྟེ་གོ་བ་ཞིག་ཡོད་པ་ཡིན་གསུང་ངོ༌། །རྒྱ་ཆེན་མདོ་རྒྱུད་རྒྱ་མཚོ་བསྲུབས་པའི་བཅུད། །རྒྱ་བོད་མཁས་གྲུབ་བྱེ་བའི་སྙིང་གི་ནོར། །རྒྱ་ཆེན་ཟབ་མོའི་མཐར་ཐུགས་གསུང་ངག་ཆོས། །རྒྱ་ལམ་རྙེད་པར་དཀའ་དེ་བདག་གིས་རྙེད། །བླ་མའི་གསུང་ངག་དབྱངས་སྙན་ལྷ་ཡི་རྔ༌། །ཡིད་དང་རྣ་དབང་ཚིམ་ལ་མི་ངལ་བའང༌། །བྱིས་པའི་བློ་ཡི་གམ་ལ་ཆེར་མ་ཟིན། །ད་དུས་སྙིང་ནས་དྲན་ཀྱང་ཅི་ཞིག་བྱ། །ཡབ་རྗེའི་ཞབས་པད་བསྟེན་དུས་བྱིས་པའི་བློ། །མནོ་བསམ་ཅུང་ཟད་རྙེད་ཚེ་བདུད་དབང་སོང༌། །རང་དབང་ཐོབ་ཚེ་དམ་པ་ཆོས་དབྱིངས་བྱོན། །ཇི་ལྟར་བགྱིས་ཀྱང་བསོད་ནམས་བགོ་སྐལ་ཞན། །འོན་ཏེ་དད་པའི་ཞིང་ས་མཆོག་ཏུ་གཤིན། །འབྲལ་མེད་མོས་གུས་དམ་ཚིག་ཆུ་ཡིས་བརླན། །ཡབ་གཅིག་གསུང་གི་ས་བོན་སྐྱོན་མེད་ཐེབས། །ནམ་ཞིག་འཁྲུལ་མེད་འབྲས་བུ་འབྱུང་ངམ་སྙམ། །དེའི་དུས་ལམ་སྦས་བཤད་ཉམས་ཁྲིད་ཡིད་ཆེས་པར་ཞུས།