R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༤༥
[A:༤༥] གསུང་ཇི་ལྟ་བའི་ཟིན་བྲིས་ཀྱི་དཔེ་ཆུང་ཞིག་བྱས་པ་ཆོས་མཛད་ལེགས་བཤད་པ་ཞེས་གྲགས་པའི་གཡོག་གི་ཁུངས་ལ་དཔོན་པོའི་སེམས། སྡང་སེམས་དགྲ་དང་གནོད་སེམས་བགེགས་ལས་ཆེ་བ་ཞིག་བདོག་པ་དེས་བསམས་བཞིན་དུ་ཤོག་རོའི་ཟླ་ལ་ཆུར་བཅུག་ནས་གོང་བུ་གཅིག་ཏུ་བྱས་པ་འདིས་མཚོན། འདི་ཉིད་ཀྱིས་འཕྲལ་དང་ཡུན་གྱི་རྟེན་འབྲེལ་ལ་གནོད་པ་མང་པོ་ཞིག་བྱས་ཏེ། ཚེ་རབས་སྔོན་མ་ཞིག་ནས་ལས་ངན་གྱིས་འབྲེལ་བའི་དངོས་གྲུབ་ཀྱི་གེགས་ལ་ཆས་པ་ཞིག་ཏུ་གོར་མ་ཆག་གོ །དེ་ནས་རང་ལོ་བཅུ་གསུམ་དུ་སླེབས་པའི་ཚེ་སྐེག་གི་རྣམ་པ་བྱུང་དོགས་པས་དེ་ལ་དམིགས་པའི་མཚམས་ཤིག་བྱས་ན་ལེགས། ཞེས་ཡབ་ཡུམ་རྣམས་གསུང་བ་ལ་རྗེ་བཙུན་མཆོག་ལ་ཐུགས་དམ་བརྟག་པ་ཞུས་ནས་ཨཥྟའི་གཞི་བསྙེན་ཞིག་བྱེད་སྙམ་པ་ལ། བཀའ་ལུང་ལ་ད་ལམ་ཨཥྟ་ལས་གུར་གྱི་མགོན་པོའི་བསྙེན་པ་བྱས་ན་ལེགས་པ་འདུག །དེའང་ཐོག་མར་ཡི་གེ་བདུན་པའི་བསྙེན་པ་གྱིས། གྲངས་ནི་རྗེ་བཙུན་རིན་པོ་ཆེའི་གུར་རྒྱན་དུ་གསུང་པའི་དགོངས་པ་ཡིན་པས་འབྲུ་རེ་ལ་འབུམ་ཕྲག་བརྒྱད་བརྒྱད་དེ་འབུམ་ཕྲག་ལྔ་བཅུ་རྩ་དྲུག་ཟློས་གསུང༌། དཀར་ཤཱཀྱ་གྲགས་ཀྱིས་མཛད་པའི་ཁྲོ་བཅུའི་སྲུང་འཁོར་གྱི་ལུང་དམིགས་དང་བཅས་པ་ཞིག་གནང་ནས། རྗེ་བླ་མ་བོ་དོང་བླ་བྲང་དཀར་པོར་སྐུ་མཚམས་ལ་བཞུགས། བདག་གིས་བོ་དོང་རྫོང་གི་བྱ་འདབས་བདེ་གསལ་རབ་བརྟན་ཟེར་བའི་དགོན་ཆུང་སྐྱིད་པོ་ཞིག་བདོག་པ་དེར་འོངས་ནས་ཟླ་བ་དྲུག་གི་བར་མཚམས་བྱས། བླ་ཆེན་ཐུགས་རྗེ་ཅན་དེས་ཀྱང་གྲོགས་མཛད་དེ་ཡི་གེ་བདུན་པའི་གྲངས་ནི་ཇི་ལྟར་བཤད་པ་བཞིན་སོང༌། བྱིས་པ་ཧམ་ཅན་ཞིག་བདོག་པས། ཞལ་མཐོང་ཡོང་ངམ་བསམས་དུང་དུང་བྱས་