R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༤༨
[A:༤༨]ནས་བདག་གི་གཡོག་བྱེད་པའི་བློ་གྲོས་བཟང་པོ་འདི་ཟླ་ལ་སླེབ། དེ་ནས་དེའི་བར་ལ་སྐབས་འགར་གྲོགས་ངན་པའི་མིག་ལྟོས་ཀྱིས་དགོས་མེད་ལ་འུར་བ་ནི་ཐོར་རེ་བ་བྱས། གཞན་རྫས་དངོས་པོ་ཆུང་ཆུང་ནས་བཟུང་དགོན་པ་ཁམས་ཆེན་གྱིས་བར་ཚང་མ་ཁོ་རང་ལ་གཏད་པས། མ་འཕྱུགས་མ་རླག་གོང་འཕེལ་གྱི་འཛིན་སྐྱོང་མཐུན་གྲུབ་འབའ་ཞིག་བྱུང་བ་ལ་བརྟེན་ནས་ངེད་རང་ཆོས་འཆད་ཉན་དང་ཁ་ཏོན་ཁོ་ན་བྱས་པས་ཆོག་པ་མ་གཏོགས། གདན་རེ་འདིང་བ་ཚུན་དུ་སླེབ་པའི་བན་ལིང་མི་དགོས། ཁོ་རང་གཞིས་ལ་ཡོད་དུས་སྒོར་མ་ནས་ཚ་ཧྲུག་གེ་ཡོང་བ་ཐམས་ཅད་ཀྱིས་མཐོང་བ་འདི་ཡིན་མོད། བཅོལ་ན་ཕྱགས་མ་རྒྱག་པའང་མི་ཤེས་ལ། །གཞག་ན་བཤད་ར་ཤུག་རས་ལུང་པ་འགེང༌། །གར་བཏང་ཤེས་པ་འཚུབ་པ་འགའ་ཞིག་གིས། །སྒྲོ་སྐུར་གཤེད་སྨོད་འུར་ལུགས་འདི་བསམས་ན། །བཏང་ན་གར་བཏང་ས་དེར་བློ་མི་འཚག །སྒོར་ན་གར་བཞག་གནས་སུ་གོང་འཕེལ་ཡོང༌། །ཞེན་ཆེ་བློ་ཤེད་ལྡན་ལ་འགྱུར་ལྡོག་ཆུང༌། །ཁྱོད་རང་ལན་བརྒྱར་འུར་ཀྱང་ཨའུ་ཙི། །ལོ་འདི་རྗེ་བླ་མའི་དགུང་ལོ་རེ་གཅིག་པའི་སྐེག་ཡིན་པ་དང༌། སྐུ་དོག་ཀྱང་ཆེ་བར་ཡོད་འདུག་པ་ནས་སྐུ་མཚམས་ཁོ་ན་ལ་ཤས་ཆེར་བཞུགས་པས་གསུང་ཆོས་ཕྲན་བུ་མ་གཏོགས་འགངས་ཆེ་བ་ནི་མ་ཐོབ། དེའི་དགུན་ཀྱང་གུར་གྱི་ཡི་གེ་བདུན་པ་འབྲུ་འབུམ་གཅིག་དང༌། ཕྱག་ན་རྡོ་རྗེ་ཨུཙརྻའི་སྔགས་འབུམ་གཅིག་མཚམས་དམ་པོ་བྱས་ནས་བཟླས། ལོ་བཅོ་ལྔ་ལོན་པའི་ཁྱི་ལོའི་དབྱར་བདག་གི་ཡབ་དང༌། གཅེན་ཐུ་བོ་དེའུ་རིའི་སྒར་ཐོག་ཏུ་བྱོན་པའི་སྐུ་རིམ་ལ། ཡང་འོད་ཟེར་ཅན་གྱི་བསྙེན་པ་