R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༤༩
[A:༤༩]བསོས་ལ་སྒྲུབ་མཆོད་གྱིས་གསུངས་ནས་བགྱིས་པས་ཚར་ལྔ་བཅུ་ཙམ་སོང་བའི་ཚེ་རྨི་ལམ་དུ་འོད་ཟེར་ཅན་གྱི་སྐུ་ནམ་མཁའི་ཁམས་ཁེངས་པ་ཞིག་གི་ཕྱལ་གྱི་ནང་སྤང་རི་ཁྱོན་ཡངས་པོ་ཞིག་གི་ལྡེབས་ལ་རང་རེའི་སྒར་དེ་ཁྲ་ཧྲུག་གེ་འདུག་པ་ཞིག་གསལ་པོ་རྨིས། དེའི་སྟོན་བཙས་མ་འགོ་བྱེད་ཙམ་ལ་བདག་བསོད་ནམས་ཀྱི་དཔལ་གཞལ་དུ་མེད་པ་ཞིག་འབར་ཏེ། །དེའང་མཁས་པའི་མཁས་པ་ཆོས་ཀྱི་རྗེ་ནམ་མཁའ་དབང་ཕྱུག་པའི་དྲུང་དབུས་ནས་ཞབས་གཏད་བྱོན། འབུལ་བ་ནི་སྲབ་མོའི་སྐུ་ཆོས་ལེགས་པོ་ཞིག་ལས་མི་འདུག་སྟེ། བསྟན་པ་ལ་ཕན་པའི་དགེ་བཤེས་ཆེན་པོ་བསམ་གྱིས་མི་ཁྱབ་པ་ཡིན་པ་དང༌། ཞལ་སློབ་རྙིང་པར་སོང་བས་དགྱེས་བཞིན་དུ་ཞལ་གྱིས་བཞེས། བདག་ཅག་གཞི་བྱེས་ཀྱིས་གྲྭ་པ་བཅུ་གསུམ་ལ་དཔལ་དུས་ཀྱི་འཁོར་ལོ་ལ་སོགས་པའི་བླ་ན་མེད་པའི་རྒྱུད་ཐམས་ཅད་ཀྱི་རྫོགས་རིམ། ཟླ་ལམ་ཞག་གིས་གཅོད་པ་སངས་རྒྱས་ལ་ཞག་དུས་ཐེབས་པའི་ཁྲིད་ཟབ་ལམ་སྦྱོར་བ་ཡན་ལག་དྲུག་པའི་ཉམས་འཁྲིད་གནང་སྟེ། ཐོག་མར་རྡུལ་ཚོན་གྱི་དཀྱིལ་འཁོར་དུ་བསོད་ནམས་ཀྱི་ཚོགས་ཀྱི་སླད་དུ་བྱིས་པ་འཇུག་པའི་དབང་བདུན་གནང་སྟེ། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོ་ཟླ་བ་གཅིག་བསྐྱངས། ཡིག་བརྒྱ་དང་མཎྜལ་ཁྲི་ཚོ་བཞི་བཞི་བཏང༌། མེ་ཏོག་ནས་ཁལ་ཉི་ཤུ་རྩ་ལྔ་ལྷག་པ་ཕུལ། དེ་མཚམས་རྡོ་རྗེ་སློབ་དཔོན་ལུས་ཀྱི་དཀྱིལ་འཁོར་དུ་ཚུལ་ཁྲིམས་དང་ཡེ་ཤེས་ཀྱི་ཚོགས་ཀྱི་སླད་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དབང་གོང་མ་གནང་བའི་བགེགས་སྤྲོད་ཀྱི་སྐབས་