R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༥༠
[A:༥༠]རྗེ་བླ་མ་ཆས་ཞུགས་མཛད། རྡོ་རྗེའི་གར་དང་བཅས་སྲུང་མ་དྲུག་ཅུའི་བསྟོད་དབྱངས་ཀྱི་བསྐུལ་མཛད་པ་ན། སྔོན་ཆད་ཀྱི་ཞལ་མདོག་ཟླ་བ་ཤར་བ་ལྟ་བུ་དེ་མ་ཡིན་པར་མཐིང་ཤུན་གྱི་མདོག་ལྟ་བུ་ལ་འོད་ཟེར་མིག་གིས་ཡེ་མི་བཟོད་པ་ཞིག་ཏུ་ཐོག་མར་བདག་གིས་མཐོང༌། དེ་ནས་ཡུམ་དང་དཔོན་ས་ནམ་མཁའི་དྲུང༌། ཨོ་ལོ་མིང་སྲིང༌། ཨ་སྐྱབས། གཉེར་པ་ཚེ་འཛིན་པ་རྣམས་རིམ་བཞིན་སླེབས་ནས། ཨ་ཙི་འདི་འདྲ་འདུག་ཟེར་ཐམས་ཅད་གཅིག་ལ་གཅིག་གིས་ཡུས་བཞིན་དུ་སྨྲའི་འདུག་སྟེ་ངེད་མི་དྲུག་པོ་དེའང་བསོད་ནམས་བསགས་པར་གདའ། བྱིན་རླབས་ཀྱི་ཟི་ལངས་པས་བྱིས་པ་མནོ་མི་ཤེས་ཡན་ཆད་ས་འཕག་གནམ་འཕག་བྱས། གནམ་ས་ངོ་མི་ཤེས་པའི་འགྱུར་བ་ཆེན་པོ་ཐམས་ཅད་ལ་བྱུང༌། ཨ་ཧོ་རྒྱལ་བ་དངོས་སུ་བྱོན་པའི་ཚེ། །ཐ་མལ་བྱིས་པའི་སེམས་ལའང་ཡེ་ཤེས་འབར། །དྲག་རོལ་གུ་གུལ་དཔུང་དུ་མི་དགོས་པར། །བསམ་མེད་བེམས་པོ་རྣམས་ཀྱང་མགུལ་སྙམ་བྱེད། །གཞན་དུ་ཡུན་རིང་ལོ་ཟླར་བསྒོམས་པ་ལས། །གང་ཞིག་གསུང་ཐོས་ཙམ་ཡང་དོན་ཆེ་བ། །ཡབ་གཅིག་རྡོ་རྗེ་འཆང་དབང་དེ་ཡི་གསུང༌། །ཕྱིན་ཆད་ཐོས་པའི་སྐལ་བ་ཨི་ཡོད་ན།།བསམས་ཤིང་བླ་མའི་ཞལ་བཟང་སྙིང་ལ་དྲན། །དྲན་མོད་དངོས་སུ་མཇལ་བའི་སྐལ་བ་མེད། །མེད་བཞིན་འཁྲུལ་པའི་འཁོར་བ་འདིར་གནས་ཕྱིན། །ཕྱིན་ཆད་ཁྱེད་འདྲའི་མགོན་དང་མཇལ་བ་དཀའ། །དཀའ་མོད་ལས་དཀར་དབང་གིས་དངོས་སུ་མཇལ། །མཇལ་ཙམ་མ་ཡིན་གསུང་གི་བདུད་རྩི་ཐོབ། །ཐོབ་བྱའི་སྙིང་པོ་ཐུགས་ཡིད་