R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༥༡
[A:༥༡]གཅིག་ཏུ་འདྲེས། །འདྲེས་ཁྱེར་བླ་མས་མ་བསླུས་ང་རེ་སྐྱིད། །དེ་ནས་དབེན་གསུམ་ལ་ཞག་བདུན་དང༌། སོར་སྡུད་ལ་བདུན་ཏེ་མུན་མཚམས་ཞག་བཅུ་བཞི་ཤིན་ཏུ་དམ་པ་མཛད། ངེད་རང་ལ་ཁྱེར་ཁ་མེད་ཀྱང་བླ་མའི་བྱིན་རླབས་དང་གདམས་ངག་གི་ཟབ་གནད་ཀྱིས་ཉམས་མྱོང་ཡང་ཅུང་ཟད་སྐྱེས། ཁ་ཕྱིར་བལྟས་ཀྱི་ཟར་ཟིར་ཚོ་ལ་ཞེན་པ་མེད་པ་ཞིག་བྱུང༌། ཉིན་མོའི་རྣལ་འབྱོར་བསམ་གཏན་སོགས་ཀྱང་ཉམས་ཁྲིད་ཁོ་ན་མཛད་དེ། ཟླ་བ་གསུམ་ལ་ཡན་ལག་དྲུག་གི་དངོས་གཞི་གྲོལ་བ་མཛད། སེམས་འགྲེལ་སྐོར་གསུམ་དང༌། སྦྱོར་དྲུག་གི་ཡི་གེ་རྒྱ་བོད་ཀྱི་དམ་པ་མང་པོས་མཛད་པ་སོགས་མདོར་ན་རྗེ་ཉིད་ལ་ཇི་ལྟར་མངའ་བའི་ལུང་མན་ངག་ཐམས་ཅད་བུམ་པ་གང་བྱོར་གནང༌། རྗེ་བླ་མ་དམ་པས་མཛད་པའི་སྦྱོར་དྲུག་ལ་ཞེན་པ་བྱས། མུན་མཚམས་ཀྱང་ཞག་གསུམ་རེ་མཛད་པའི་ཁྲིད་དུ་གནང༌། དེ་ཐམས་ཅད་རྫོགས་པའི་མཐར་རྡོ་རྗེ་སློབ་དཔོན་བདག་པོ་དང་བདག་པོ་ཆེན་པོའི་དབང་བསྐུར་ཏེ་བསྟན་པའི་རྒྱལ་སྲིད་གཏད། དེ་དག་གི་སྐབས་སུ་ཡང་ཐ་ན་ལྷ་བཤོས་འཇོག་ཚུལ་དང་རྡོ་རྗེ་དྲིལ་བུ་འཛིན་ཚུལ་ཚུན་ཆོད་ལ་ཞིབ་ཆའི་ཕྱག་འཁྲིད་གནང༌། ལུང་མང་པོ་གནང་བའི་སྐབས་སུའང་བདག་གཅིག་པུ་ལ་གཟིགས་ཤིང༌། ཡེངས་པའམ། གཉིད་བྲོའི་འདུག་ན་བརྡ་ཙམ་མཛད། ཆོས་གྲོལ་བ་དང༌། ཐའི་ཁྱེར་ཁ་ལ་དཔའ་དེར་བསྡད་པ་ཙམ་གྱིས་ཐོབ་ན་ཀ་བ་དང་ཆབ་རིལ་སོགས་ཐམས་ཅད་ཀྱིས་ཐོབ་མོད། དེ་འདྲས་ཅི་ཡོང་ཁྱོད་ལ་འདིའི་བདག་པོ་རེ་བ་ཡིན་