R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༥༨
[A:༥༨]ཁོ་བོ་གཞན་གྱི་དབང་དུ་སོང༌། །དེའི་དབྱར་ཨ་མི་ལགས་རྣམ་རྒྱལ་དཔལ་བཟང་པོའི་ནང་རྟེན་རྗེ་བཙུན་ཆེན་པོ་གྲགས་པའི་གསེར་སྐུ་ཆེན་པོ་བཞེངས་པའི་གཟུངས་ཀྱི་དོ་དམ་བྱས། སེམས་ལ་མི་མེད་ཀྱི་ལུང་སྟོང་ཞིག་ཏུ་ཕྱིན་ནས་རྫོགས་རིམ་སྦྱོར་དྲུག་འདི་དང༌། སྐྱེད་རིམ་མཁའ་སྤྱོད་མ་འདི་ལ་ཆིག་དྲིལ་བྱས། ཤི་མ་ཐག་མཁའ་སྤྱོད་དུ་འགྲོ་བ་ཞིག་བྱེད་སྙམ་པ་ཐུན་མོང་མ་ཡིན་པར་བྱུང་མོད། ཞལ་ངོ་ཚོས་མདོ་ཕྱོགས་བསླབ་དགོས་གསུང་གི་གདའ་བ་ལ་ཞེ་མེད་དེ་བྱས་ན་འཇོག་ཙམ་ཨེ་ཡོང་སྙམ་བསམས་བཞིན་དུ་གཤིས་ཁ་ལོད་པོ་བྱས་སུ་ལའང་ཆེར་མ་ཉན། དགོས་མེད་ལའང་ཐོ་རེ་བ་འུར། འུར་དགོས་ངེས་ཤེས་པའང་ཁ་རེ་བྱུང་མོད། མི་ལ་ལ་ཁོ་ལང་ཚོ་བརྡོ་བའི་སྨྱོ་སྤྱོད་ཡིན་ཟེ་བ་དང༌། གསེར་སྐུའི་འཚུབ་ཡིན་ཟེར་བ་སོགས་སྣ་ཚོགས་ལབ་ཅིང་འདུག་མོད། སེམས་ལ་མནོང་མེད་པས་སུ་ལའང་འཇིགས་པོ་མ་བྱུང༌། དགོངས་པས་ཁྲོལ་ན་དང་མ་ཁྲོལ་ན་ག་ཤེད་དུ་གཅིག་ལ་བུད་ནས་འགྲོའམ་སྙམ་པ་བྱུང་ནའང༌། ཕ་རྒན་གྲུབ་པ་ཅན་དེ་བླ་མ་ཡིན་པས་དེའི་བཀའ་བཅག་ན་དགེ་སྦྱོར་ལམ་དུ་མ་སོང་གི་དོགས་ནས་བསྡད། སྟོན་དེ་རྡོ་རྗེ་རྣལ་འབྱོར་མའི་བསྙེན་པ་བཞི་འབུམ་བཅུ་ཆའི་སྦྱིན་སྲེག་དང་བཅས་པ་ཡིད་ཆེས་པ་ཞིག་བྱས། དེའི་མཇུག་ཙམ་ནས་རྐང་པ་གཡོན་པའི་ནད་གཞི་འདི་ལངས་བྱུང་བ་ལ་ལྷ་རྗེ་རྣམས་ཀྱིས་བསྟན་པའི་ཐབས་དེ་དག་ལྷུར་བླངས་ཀྱང་ཕན་རྒྱུ་གང་ཡང་མ་བྱུང༌། དེའི་སྐབས་ཤིག་རྒྱ་གར་ནུབ་ཕྱོགས་ནཱ་གིརྐོཊའི་རྒྱལ་པོའི་སྲས་མ་ཎི་ཀ་ནཱ་ཐ་ཞེས་བྱ་བ་འཆི་མེད་གྲུབ་