R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༦༠
[A:༦༠]རླབས། །བྷྲུ་རླུང་སོགས་མན་ངག་མང་པོ་ཞུས། ཁོང་ངེད་ལ་དྲིན་ཡང་ཆེ། ལེགས་གཤད་གསེར་ཐུར་ན་བྲིས་འདུག་པའི་རྙིང་མའི་དགག་པ་དེ་ཚོ་མཐོང་བ་དང༌། རྙིང་མའི་སྔགས་རྣམས་དང༌། རྒྱ་སྐད་བོད་སྐད་ཀྱང་ཆེར་མི་འགྲིག་པ་མང༌། དེང་སང་གི་གྲོང་སྔགས་འདི་རྣམས་ཀྱང་རལ་པ་ཐེག་ཚད་རེ་ཁུད་པས་ཁྱད་བྱས་པ་མ་གཏོགས་བསམ་སྦྱོར་མི་ནག་པ་གཞུང་མ་དང་ཁྱད་ཡེ་མི་འདུག་པ་ལ་བརྟེན། རྙིང་མ་འདི་གཤའ་མ་ཞིག་མིན་པ་འདྲ་སྙམས་པའི་ལོག་རྟོག་ཆེན་པོ་ཡང་སྐྱེས། ཁ་འདི་རླུང་ལངས་པ་ཞིག་མ་གཏོགས་ཚོད་ཟིན་པར་མི་བདོག་པས་སྐུར་བའང་ཐོ་རེ་བ་འདེབས། བདག་གི་བླ་མ་སྐུ་དྲིན་ཅན་དེས། ཆོས་རྗེ་པའི་ཁ་འདི་མེ་འབར་འཁྲུག་མ་རུ་གདའ། འདི་འདྲ་ཡེ་མ་གསུང༌། ཚིག་ལེགས་ཉེས་ཅི་འདྲ་ནའང་དོན་ཟབ་པོ་ཡིན། རྡོ་རིང་རིན་པོ་ཆེ་རང་གི་སྐུ་ངོ་ལ་ཡང་རྙིང་མ་པ་འཇའ་ལུས་ལ་སོང་བ་བདུན་གཟིགས་གདའ་ལས་ངན་ཀ་མ་གསོག་གསུང་ཡང་ཡང་སྐྱོན། ཕ་གྲུབ་པ་ཅན་དེ་དང་ཁུ་བོ་སྔགས་འཆང་དབང་པོ་དེས་ཀྱང་ཁྱོད་ཀྱིས་ཆོས་འདིའི་བྲོ་བ་མ་མྱོང་བ་ཡིན། ནམ་གཞུག་རྙིང་མ་ཁོ་ན་བྱེད་དགོས་ཡོང་གསུང་བ་འཕྲལ་དུ་ཕེབས་པ་ནས་དེ་དག་གི་ངོ་བསྲུང་ཕྱིར་ཁ་མ་བཏང་ཙམ་ལས་གདིང་གི་ལོག་ལྟ་གྲ་མ་ཉམས་པར་གདོག་པའི་ཚེ། ཛོ་ཀི་འདིས་སློབ་དཔོན་པདྨའི་སྐུ་རྒྱལ་པོ་ལུགས་ལྟ་བས་ཆོག་མི་ཤེས་པ་སློབ་དཔོན་ཉིད་ཀྱིས་ཕྱག་ནས་མ་ཡིན་ཟེར་བ་ཞིག་ཁྱེར་གདའ་བས་གུ་རུ་རྒྱལ་པོ་ལུགས་པེ་ཀར་གྱིས་བོད་དུ་སྤྲུལ་པ་ཡིན་ཟེར་བའི་རྫུན་ཕུགས་དེར་རྡིབ། སློབ་དཔོན་