R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༦༢
[A:༦༢]འཁོར་ཐུན་མོང་མིན་པ་དང་བོགས་འབྱིན་ཉམས་ཁྲིད་དུ་ཞུས། མཚམས་དམ་པོ་བྱས་སྒོམ་དང་བསྙེན་པ་སྟབས་གཅིག་ཏུ་བྱས་པས་ངོ་མཚར་བའི་ལྟས་ཀྱང་ཁ་རེ་བྱུང་སྟེ་ཡི་གེ་བདུན་པ་འབྲུ་འབུམ་གཉིས་སོང༌། དེ་མ་ཐག་ཟངས་གྲི་ཅན་གྱི་གཏོར་མ་ལ་བསྟེན་པའི་བསྙེན་པ་བྱས་དུས་རྒྱ་འདྲེ་ཤེད་ཀ་ཡིན་ནམ་རྒྱལ་པོའི་ཆོ་འཕྲུལ་དུ་ནི་གདའ། སྤྲེལ་ཁམ་པ་ཆེ་ཚད་ཅིག་དངོས་སུ་བྱུང་བ་བརྡུངས་པས་མིང་མེད་དུ་སོང་བ་ཞིག་ཀྱང་བྱུང༌། ཐུན་གཏོར་འབུལ་མཁན་མེད་པར་གར་སོང་མ་བྱུང་བའང་ལན་གཉིས་ཙམ་བྱུང་མོད། བྱི་བ་བཞིན་གྱིས་ཁྱེར་བ་ཡིན་ནམ་གང་ཡིན་ནི་མི་ཤེས་ལོ་དེའི་བཙས་ཆོད་གཡུལ་དབར་ལ་བདག་གི་བླ་མ་དམ་པ་དེ་ཀོག་ཆུང་མ་བྱ་བའི་ཆབ་ཚན་ལ་ཕེབས་ཀྱི་གདའ་བ་ནས། བདག་གིའང་རྐང་པ་ལ་ཕན་ཟེར་ཕྱགས་ཕྱི་བྱས་འགྲོ་བའི་ཁུངས་སུ་ཡོད་སྐབས་ཆོས་མཛད་ལེགས་བཤད་པས། སྤྱིར་ངེད་ལ་རྣམ་པ་ཀུན་ཏུ་ལོག་སྒྲུབ་རྐང་འདྲེན་རྟེན་འབྲེལ་འཕྱུགས་ཐབས་གྲངས་མེད་པ་ཞིག་བྱེད་བཞིན་པའི་མུ་དང༌། བདག་གིས་སྡེ་པའི་ནང་གཟན་བྱིས་གཞོན་ཞིག་ལ་སྐྱེ་བ་སྔར་མའི་ལས་ལྟ་བུ་ཡིན་ནམ། དགའ་ཚོར་ཆེན་བོ་ཞིག་ཡོང་གི་འདུག་པ་ནས་བྱམས་པོ་བྱས་པ་ལ་མི་ཐེག་པའི་ཁུངས་བྱས། ཐབས་དུ་མ་ནས་སྨད་ཅིང་ཞུ་ལོག་ཕུལ་ནས་ཡབ་ཡུམ་གཅེན་དང་བཅས་པའི་བཀའ་བཀྱོན་ཡང་ལན་མང་དུ་ཕབ། ཁྱད་པར་བླ་ཆེན་སྐུ་དྲིན་ཅན་དེའི་དྲུང་དུ་སྐུར་ཞུས་བྱེད་ཀྱི་འདུག་ཟེར་གཞི་མེད་ཀྱི་ཞུ་ལོག་ཁམས་ཆེན་པོ་ཞིག་ཕུལ་གདའ་བས་ཐུགས་འུར།