R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༦༣
[A:༦༣] ཆབ་ཚན་ལ་ཕེབས་པའི་ལམ་བར་གྱི་སྡེ་པ་ཞལ་ངོ་དཔོན་གཡོག་རྫོང་ཞོལ་པ་སོགས་གཤེགས་སྐྱེལ་དང་བྱིན་རླབས་ཞུ་བའི་ཁྲོམ་དམར་སྨུག་ཏུ་འཁྱིལ་བ་ཞིག་གི་ཁྲོད་དུ་བདག་གི་མཚང་ནས་བྲུས་པའི་བཀའ་བཀྱོན་དྲག་པོ་ཡུན་རིང་ལ་དོས་དྲག་པ་ཞིག་གནང༌། གདིངས་ན་གནོད་ཡེ་མེད་ནའང་འཇིགས་པ་དང་ངོ་ཚ་བས་ད་ལྟ་རང་ས་འདི་ལ་དིམ་ན་དིམ་ན་བསམ་པ་མ་གཏོགས། བླ་ཆེན་དྲུང་ལ་ལོག་ལྟ་དང་ཡི་ཆད་ཅིག་ཀྱང་མ་སྐྱེས། དེ་ནས་ཆབ་ཚན་ཁར་ཕེབས། གཟིམས་གུར་དུ་བཞུགས་པ་ན་བླ་མ་རྡོ་རྗེ་འཆང་དེའི་དྲུང་དུ་ཤོག་གསུངས་ཕྱིན་པས། ཞལ་མཛུམ་མཛད་ནས་དྲུང་བླ་མ་པ་འཁྲུངས་ས་མངའ་རིས་པར་སོང་བའི་སྐྱོན་གྱིས་འདི་ཡིན་གྱི་བརྟག་དཔྱད་བྱ་ལོང་ཡེ་མེད་པར་མི་མང་དེའི་གསེབ་ཏུ་སྨ་ཕབ་སྒྱུ་བླུག་ཁ་གཡའ་ཙག་ཙག་པ་མང་པོ་ཞིག་གསུངས་སོང་སྟེ། ཁྱོད་ཀྱིས་རློག་ཚན་བྱེད་པ་ལྟ་ཅི་སྨོས། ངས་ག་ལེ་ལྟས་པས་བཞིན་འགྱུར་བ་ཙམ་ཡང་མི་འདུག །ཨ་ཐོ་ཡིན་ཐུགས་ལ་བཏགས། དམ་ཚིག་དང་དྲིན་སོམ་པར་གདའ་བས་བཟང་གསུང༌། བྱ་བ་འདི་དང་འདི་འདྲ་བྱེད་པར་རྩོམ་པ་ལས་འདི་དང་འདི་དག་ལན་བརྒྱ་ཕྲག་བྱས་པའང་སྐྱོན་ཆུང་བ་ཡིན་གསུང་བ་སོགས་བདག་གི་བག་ལ་ཉལ་དང་བསྟུན་པའི་བསླབ་བྱ་མང་པོ་ཞིག་མཛད། བདག་རང་ཡང་ཡུས་ཀྱིས་བསྣགས་ནས་མཆི་མ་མང་པོ་ཤོར། སྔ་ཕྱིའི་བྱུང་ཚུལ་འགའ་ཞིག་ཀྱང་ཞུས་པས། ངས་ལོས་གོ །ད་བྱོན། ཡང་ཁོས་རིན་པོ་ཆེའི་དྲུང་ན་དུག་ཤགས་བྱས་ཞུ་ལོག་འབུལ་གྱི་འདུག་ཟེར་ལབས་ན་དྲུང་བླ་མ་པས་རང་