R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༦༤
[A:༦༤]རེ་གཉིས་ཀ་ལ་སྐྱོན་དུ་ཡོང༌། མཆི་མ་ཕྱིས་ལ་བྱོན་གསུང་བ་བཞིན་བླ་ཆེན་རིན་པོ་ཆེའི་དྲུང་དུ་ཕྱིན། སྔར་འཁྱུད་བཞིན་གྱི་ཕྱགས་ཕྱི་བྱས། བདག་གི་བླ་མ་དྲིན་ཅན་འདི་ཁྲོ་བ་མངའ་ལ་འཛིན་པ་སྤངས་པ་ཞིག་བདོག་པས་མྱུར་དུ་ཐུགས་འུར་བ་དེ་སངས་ནས་བཀའ་ལུང་གནང་བ་སོགས་བརྩེ་སྐྱོང་མཛད། ལར་ད་བསམ་དུས་འམ་བུས་དེའི་ཚེ་བླ་ཆེན་དམ་པ་དེའི་དྲུང་དུ་པཎ་ཆེན་མ་ཏིའི་ཆོས་སྤྱོད་རབ་གསལ་གྱི་ལུང་ཞིག་མ་གཏོགས་དབང་དང་ལྟ་ཅི་གཞན་ཆོས་ཀྱང་ཡེ་མ་ཐོབ་མོད། དེ་སྐབས་གང་ཤེས་པའི་ཡོན་ཏན་དེ་ཐམས་ཅད་ཁོང་གིས་བསླབས་པ་དང༌། ལོ་བརྒྱད་ནས་བཅུ་བདུན་གྱི་བར་ཕ་མའི་ཚབ། བློན་ཆེན་གྱི་ཚབ། གཡོག་པོའི་ཚབ་ཐམས་ཅད་མཛད་ནས་ཐ་ན་ཟ་ལུགས་ཚུན་ཆོད་བསླབས་པའི་དྲིན་ཅན་བླ་ན་མེད་པ་ཞིག་ཡིན་པ་ལ་ཡིན་པར་ངོ་ཤེས་པར་བྱས་ནས་ཁོང་གིས་ང་གསོད་ནའང་འོས་ཡིན་བསམ་པ་མ་གཏོགས་འདིའང་མིན་བསམ་པ་སེམས་ལ་མ་ཤར། དིང་སང་འདི་ན་དབང་བརྒྱ་ཕྲག་མང་པོ་ཞུས། ཆོས་འཆད་ཚད་ལ་སྦ་ཚངས་བྱེད། འཕྲལ་གྱི་ལྟོ་གོས་ཐམས་ཅད་སྦྱངས། འགྲོ་ན་རྟ་སྐྱོན། སྡོད་ན་གདན་བཏིང༌། གར་ཕྱིན་ཀྱང་ལེགས་ལེགས་ཞུ་ཞུ་ཁོ་ན་ཡོང་བ་སོགས་བདག་གིས་དྲིན་ཚད་མེད་པ་བསྐྱངས་པ་འདྲས་ཁོང་རང་ཚོས་མངོན་སུམ་དུ་མ་འོས་པ་བྱས་པ་ལ་ཅུང་ཟད་ལབས་པ་ན་ལག་ན་ཡོད་ན་བརྡེབ། བླ་མ་པ་ལ་རྒྱལ་འགོང་ཞུགས་བྱ་བ་དང༌། སྨྱོ་འདུག་ཟེར་བ་སོགས་གཏམ་མང་པོ་ལབ། ཡིད་ཆད་ཡེ་དགོས་པ་མེད་བཞིན་དུ་ཡིད་ཆད་མང་པོ་