R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༦༧
[A:༦༧]སྒམ་འདི་ན་མི་བདོག །ཀུན་མཁྱེན་ཆེན་པོ་སྡོར་དཀར་བ་དེ་ལ་ཕྱག་ཤན་ཡོང་བ་དགོད་བྲོ་ཞུས་པས་སྐྱེངས་ནས་མུན་ནེ་བཞུགས་འདུག །དེའི་ཚེ་གདན་ས་ལ་ཆོས་རྗེ་ནམ་བཟང་པ་ཡོད་པ་ཁོང་གིས་གཞི་ལེན་བཟབས་ཤོམས་མང་པོ་བྱས། ཁོང་འདི་པ་འཇིག་རྟེན་རྒོད་ཡང་རྒོད་ལ་གཙོ་བོར་ཡང་འདོན། དགྲ་སྦུད་པས་འདུལ་མཁན་དུ་གདའ་བས་སྟོན་ཤོམས་དེ་ཚོ་བཟའ་ཆེན་པོ་གདའ། བབ་ཐོབ་ཏུ་སོང་ན་ཁོང་ངེད་ཀྱི་བླ་མ་དམ་པ་དེའི་གདན་ས་དངོས་ཡིན་པས་ཕྱག་འབུལ་ཆོས་ཞུ་བ་སོགས་བྱེད་དགོས་རྒྱུ་ཡིན་ནའང་ཕྱིས་སུ་ཉེ་གནས་ངན་པ་ཞིག་གི་དབང་དུ་སོང༌། བདག་གི་བླ་མ་དེའི་ཐུགས་མང་པོ་དཀྲུགས། སྐྱིད་སྦུག་ལ་ཚ་ལེན་བྱེད་པ་སོགས་དགོས་མེད་མང་པོ་ཞིག་བྱས་ཡོད་པས་ཚིག་པ་ལོག་སྦམ་མེ་བཞག་པ་ཡིན་ནོ། །བཞུགས་གྲལ་དེར་ཁོང་དཔོན་སློབ་ཚོས་རེ་མོས་སུ་ཆོས་སྐད་ཀྱི་ཁུངས་འདྲ་བྱེད་ཀྱི་འདུག་པ་ན། ངས་རྙིང་མ་བ་རྣམས་ལ་དམ་ཚིག་ས་མ་ཡ་འབུམ་སྡེ་བྱ་བ་ཡོད་ཟེར། རང་རེ་གསར་མ་བའི་དམ་ཚིག་རྩ་ལྟུང་བཅུ་བཞི་པོ་འདི་ག་ཡིན། ད་སྲུང་མཁན་ཡེ་མི་གདའ་བས་གྲངས་ཀ་མང་ཉུང་གང་ཡོད་ཀྱང་ཁྱད་ཅིག་མི་གདའ་བྱས་པས། ཁོང་ལ་འཕོག་ཐེངས་ཤིག་སྦོབ་བེ་བཞུགས་དགོས་པའང་བྱུང༌། ཁམས་པ་དཀོན་ཅོག་རིན་ཆེན་ཟེར་བའི་སྒྲུབ་པ་པོ་བདག་གི་བླ་མ་ལས་ཟབ་ལམ་ཐོབ་ནས་རྩེ་གཅིག་ཏུ་བསྒོམས་པས་མངོན་ཤེས་ཐོགས་མེད་དུ་མངའ་བར་གྲགས་པ་ཞིག་ཡོད་པ་དེས། ངེད་ཅག་ཆོག་ཡིན་ཉོག་ཡིན་ཟེར་བའི་ལུང་བསྟན་ཁ་རེ་བྱས། སྒྲུབ་ཆེན་མ་བྱིངས་ཀྱིའང་མོས་གུས་དག་སྣང་ཉམས་འུར་སོགས་མང་པོ་མཛད། ང་རང་ཡང་