R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༦༦
[A:༦༦]གྱི་ཐུགས་དམ་མཚན་ཕྱེད་ཙམ་ལ་ཐུན་གཏོར་ཕུལ་ཚོག་པ་དང༌། གཏོར་སྒྲུབ་སོགས་ཀྱི་ཚེ་གྲོལ་བ་དང༌། ནམ་ལངས་པ་མཉམ་པོ་བྱས་པའང་མང་པོ་བྱུང༌། ཐོ་རང་ལྷག་པ་ནི་རྟག་པར་འགོར། ཐུན་མཚམས་ཐམས་ཅད་དུ་ཕྱག་དཔེ་བྲིས་ཞུས་ཁོ་ན་མ་གཏོགས་ཞབས་འཆག་དང༌། བཞུགས་གྲལ་དང༌། བཞུགས་ཡོང་ལ་ཞལ་འཕྲོས་དང༌། རི་སྐོར་སོགས་ཡེ་མི་མཛད་པས་བདག་ཀྱང་གར་གནས་སུ་རྫོག་གེ་སྡོད། ཆོས་ཀྱི་བྱ་བ་གང་ལའང་སེམས་མི་དུབ་ཙམ་འདི་དེ་དུས་ནས་གོམས་པའི་ལག་རྗེས་སུ་གདའ་སྟེ་མདོར་ན་འདི་ཡན་ཆོད་སྐྱིད་ངེས་ཤེས་ལ་ཆོས་འཕེལ་བའི་སྐབས་སོ། །བརྒྱ་ཕྲག་བསྐལ་པར་མཚན་ཡང་རྙེད་དཀའ་བའི། །བླ་མ་བརྟེན་ནས་ཐེག་མཆོག་ཟབ་མོའི་ཆོས། །ཐོས་དང་བསམ་པས་ཉིན་མཚན་འདའ་བ་འདི། བགྲང་པས་བསོད་ནམས་བསགས་པའི་ལག་རྗེས་ལགས། གཞན་ཡང་ལོ་དེའི་སོས་མ་རྒན་མོ་དྲིན་ཆེན་དེའི་ཕྱགས་ཕྱི་བྱས། ངེད་རང་སྐུ་མཆེད་བཞི་ཆར་དཔོན་གཡོག་ཤིན་ཏུ་མང་བ་དང་བཅས་ཇོ་ནང་མཇལ་དུ་བྱོན། ཞག་ཀྱང་ཁ་ཅིག་བཞུགས། རྒྱལ་བའི་མཆོད་རྟེན་དཔལ་ཡོན་ཅན་ལ་ཞབས་སྐོར་ཡང་ཉིན་མཚན་དུ་ངལ་བ་མེད་པ་དང༌། དགོན་པ་ལ་བསྙེན་བཀུར་ཡང་བསམ་གྱིས་མི་ཁྱབ་པ་མཛད། རྟེན་གསུམ་རྣམས་ཀྱང་ཞིབ་པར་མཇལ་ཚེ་རྟེན་བཤད་མཛད་མཁན་གཟིམས་དཔོན་སྒྲུབ་ཆེན་པ་བྱ་བ་དེས། རྡོ་ནག་པོ་ལ་མ་ཎི་དཀར་པོ་འབུར་དོད་ཡོད་པ་ཞིག་བསྟན་ནས་འདི་ཀུན་མཁྱེན་ཆེན་པོའི་ཕྱག་ཤན་རྡོར་བའི་བརྡར་ལ་མ་ཎི་རང་བྱོན་དུ་བྱུང་བ་ཡིན་གསུང་བ་ལ། དང་པོ་ནི་འདི་འདྲ་