R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༧༠
[A:༧༠]གི་རྣམ་ཐར་འདྲ་མཐོང་ཐོས་བྱུང་བས་ཀྱང་ཧུ་ཧུ་དེ་ཚོ་ན་ཡང་སྟོང་པ་ཀ་འདུག །སྟབས་ཉེས་ན་དགེ་འདུན་གྱི་དབྱེན་ཁམས་པོ་ཆེ་མི་གསོག་པའི་ངེས་པ་མི་འདུག་པས། ད་རང་མཁས་པ་ཨི་ཡོང་མི་ཤེས་པའི་བན་ལིང་ལས་གྲུབ་པ་ཡོང་ངེས་ཤེས་པའི་ཐུགས་དམ་ཞིག་དགའ་བ་འདྲ་སྙམ་བློ་ཐག་ཆོད་སོང་བ་ནས་ཞུ་ཁྲོལ་དུམ་པ་གོ་ལེ་ཞུས་ཏེ། སྤྱིར་ཡང་སྡེ་པ་དཔོན་པོའི་རིགས་འདི་ལ་མ་ཞུས་པར་བྱས་ན་གནང་ཆེན་གང་བྱས་ཚབས་སུ་འགྲོ། ཞུས་ན་སྦེག་བཏང་བས་ཨེ་ཡོང་ཞུས་ཀྱང་མི་ཡོང་གསུང་བ་དེ་སྲོལ་དུ་གདའ་བ་དང༌། ཁྱད་པར་ངེད་ཅག་བྱིས་པར་སོང་བས་བསླབ་གཉེར་འདི་མཐར་ཐོན་ཞིག་མི་ཡོང་བ་འདྲ་ཚུལ་སོགས་ཞུས་པས་ནི། འབྲུག་དང་འབྲུག་རིས་སུ་སོང་ནས་བསླབ་གཉེར་མ་ནུས་པའི་སྙད་འདོགས་ཡིན་དགོངས་པ་ལས་མི་གདའ། བདག་གི་རོགས་བྱེད་པའི་དབང་ཡོད་ནི་སུའང་མེད་པ་ལ་བརྟེན་དེ་ལས་འོས་མ་བྱུང༌། དེ་ཕྱིན་གྲྭ་ས་གང་དུ་ཕྱིན་ཀྱང་ཡགས་པོ་ཁོ་ན་མ་གཏོགས་ལོད་པོ་སུ་ལའང་མི་འདུག་མོད། འོན་ཀྱང་རྟ་ནག་ན་བདག་ཆེན་འཇམ་པའི་དབྱངས་ངག་གི་དབང་ཕྱུག་བཞུགས་ཀྱི་འདུག་པས་གཙོ་བོར་དེ་ཁོ་ན་ལ་བསམས། རྟ་ནག་དེར་གསང་སྔགས་ཀྱི་འཆད་ཉན་བྱེད་ཀྱི་ཡོད་འཕྲོས་ཐོས་པས་ཞོར་ལ་སྔགས་ཆོས་འདྲ་ཐོབ་པ་སྲིད་སྙམ་ནས་ཅིས་ཀྱང་བྱེད་དགོས་ན་རྟ་ནག་ལ་འགྲོ་ཞུས་པ་བདག་ཆེན་གྱི་བཀའ་བཀོད་ཡིན་གདའ་བས་དེ་གཅིག་པུ་དགོངས་པ་མཐུན་ནས་མ་ཞུས་ཀྱང་ཐག་ཆོད་ཚར་གདའ། ཐ་མལ་རྒན་པོ་འབུམ་ཕྲག་འདུས་པ་ལས། །སྔགས་རིག་བྱིས་པ་ཆུང་