R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༧༣
[A:༧༣]གསར་བ་སྟོབས་ཆེས་པས་ཕུགས་ཕན་ཐོགས་ཡོང་སྙམ། ལྷ་འདམ་ཀླུ་འདམ་བྱེད་ཀྱི་འདུག་ནའང་ཕྱོགས་སུ་ལྷུང་ན་བསྟན་པ་ལ་གནོད་ངེས་སུ་འདུག་པས་སྤྱི་ལྡིང་བ་བྱས་མོད། གསར་འགྲོགས་དང་ཕུགས་ཁུགས་ལ་རེ་ཡིན་ཡོད། ཁམས་མངའ་རིས་ཁང་ཚན་སོ་སོ་ཇ་འདྲེན་འབུལ་བ་ཁས་ཕྱུག་ལེགས་ལེགས་མོ་ཇི་སྙེད་ཅིག་བྱས། སང་དེ་ནས་བསྡུས་ཆེན་པའི་ཁྲོད་དུ་ཞུགས། སྐྱོར་མགོ་ཡང་ངས་བྱས་དགུན་ཆོས་དང་པོ་དེ་ཤིན་ཏུ་འཕེལ་བ་ཞིག་བྱུང༌། དེ་ནས་རིང་པོ་མ་ལོན་པ་ན་སྡེ་འཁྲུག་ཅིག་བྱུང་སྟེ། རྒྱུ་ནི་སློབ་དཔོན་པདྨས། བདུད་སྤྲུལ་གཉིས་ཀྱིས་བསྟན་པ་དེ༔ མིང་མེད་ཉིད་དུ་བྱེད་པར་འགྱུར༔ ཅེས་ལུང་བསྟན་པའི་སློབ་དཔོན་བཀྲས་བརྟན་པ་དང་འཁུར་ནག་པ་བྱ་བས་ཁམས་མངའ་རིས་ཀྱི་འདུ་ལོང་ཁམས་ཆེན་ཞིག་གི་རྒྱུན་ཚུགས་པ་སྟར་ཆགས་སོང་བ་དེ་ལས་བྱུང༌། རྐྱེན་ནི་བཙུན་གཞོན་སྐྱེས་གཟུགས་པ་ཁ་ཅིག་གིས་བྱས་ཏེ། ཉིན་གཅིག་བ་ཟིངས་རྟ་ཟིངས་ལ་འཁྲུགས། ངེད་སྔ་ཆོས་ཞུ་མི་རྣམས་དམག་གསེབ་ལ་མི་ཐར་བ་ཙམ་ཡང་བྱུང་སྟེ། དེ་ཉིན་འཁྲུག་ཡུན་རིང་པོ་རང་མ་བྱུང༌། ཡང་བསྐྱར་ནས་སྡེ་འཁྲུགས་ལངས། ཉི་མ་རྩེ་ཤར་ཙམ་ལ་འཛིངས། དཀའ་བཅུ་རབ་འབྱམས་སུ་མཚན་གསོལ་བ་མང་པོ་དང་སློབ་དཔོན་ཚོས་ཁོག་ཏུ་ཞུགས། ཞེན་ཕོ་རུས་སུ་བརྟགས་པའི་བདུད་ཞུགས་པའི་ཤར་ཤར་མང་པོས་སྲོག་འབུལ་བ་བྱས། ཉི་མ་ཕྱེད་ཡོལ་ཙམ་གྱི་བར་འཁྲུགས། ཆོས་རར་རབ་བྱུང་གཅིག་ཐང་རོ་ལ་བཏང༌།