R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༨༤
[A:༨༤]ལ་ཕྱིན། སྔོན་མའི་སློབ་དཔོན་དེས་གསང་ཡུམ་གྲངས་མེད་བསྟེན་པ་སོགས་ཕྱོགས་དུ་མ་ནས་མདོར་བསྟན་བྱུང་བས་ཅམ་སྟེ་བཞག །རྗེ་བཙུན་དབོན་རིན་པོ་ཆེ་སྤྱན་དྲངས༌། དབྱར་ཆོས་དང་པོའི་ཐོག་ནས་རིགས་འབྲིང་ལ་ཞུགས། བདག་ཆེན་རིན་པོ་ཆེས་གསུང་ངག་རིན་པོ་ཆེ་ཞིག་འཛུགས་པ་གནང་བྱུང་བ་ལྟར་དགའ་བཞིན་དུ་ཞུས་ནའང་ཤིན་ཏུ་བསྡུས་པ་ཞིག་ལས་ནི་མ་བྱུང༌། འབད་པ་ཆེར་བྱས་ཐོས་བསམ་སྒོམ་པ་སྟབས་གཅིག་གི་ཁུངས་བྱས། འཇམ་པའི་དབྱངས་དེས་རྒྱ་ཆེན་ཆོས་ཀྱི་བཅུད། །བཅུད་བཟང་ཉུང་ངུའི་ཚིག་གིས་བཟུངས་བའི་ཚེ། །ཚེ་རབས་སྔོན་ནས་བསགས་པའི་བག་ཆགས་ལས། །ལས་འདི་བདག་གི་ཡིན་སྙམ་དགའ་སྤྲོ་ཐོབ། །ཕྱོགས་དེར་ཕྱིན་པས་མདོ་སྡེ་འདི་ཡིན་མོད། །སྙམ་ནས་དགའ་སྤྲོས་རྒྱུད་ཕྱུག་བ་སྤུ་ལངས། །དགོས་མེད་ཟར་ཟིར་དབང་དུ་མ་སོང་བར། །གང་གསུངས་དེ་ལ་དམིགས་པ་རྩེ་གཅིག་བསྒོམས། །སྟོན་དེའང་རྟ་ནག་ཉིད་དུ་བསྡད་ཀུན་མཁྱེན་རྟ་ནག་པས་མཛད་པའི་སྡེ་བདུན་རབ་གསལ་དང༌། པཎ་ཆེན་ཀོང་པོས་མཛད་པའི་རྟགས་རིགས་བློ་རིགས་ལ་སྦམ་འཛིན་བྱས། སྔར་སོར་གནས་ཆུང་པ་དེས་སྐྱོན་ཅན་ཡིན་ཟེར་བའི་ཆད་དེ་ཆོད་དེ་མང་པོ་བསླབ་དུས་སྐྱོན་ད་ལྟའི་འདིས་ཆོག་པ་ཡོད། །གསར་སློབ་ཡེ་དགོས་པ་མེད་སྙམ་མ་བཟུང༌། མཁས་པ་ཆེན་པོ་གཞུང་ལུགས་ཀྱི་གནད་དགོངས་པའི་དབོན་རིན་པོ་ཆེ་འདིས་གཞུང་གི་གོ་དོན་ལོངས་པ་མང་པོ་བསླབས་པ་རྣམས་འབད་པས་བཟུང༌། ཁྱད་པར་ཚད་འབྲས་དེ་སྒོམ་ཕྱོགས་དང་མཐུན་པོ་ཞིག་འདུག་