R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༨༣
[A:༨༣]ད་ལོ་ག་ཅིས་ཀྱང་གྲུབ་ན་མ་གྲུབ་ན་མཛོད། དགོངས་པ་དེ་ཡིན་ན་ངས་མཁན་པོ་ལོས་བྱེད། ལས་སློབ་དེ་རིན་པོ་ཆེ་ཚར་པ་འོས་གསུང་པ་ལྟར་མཁན་ཆེན་ཐམས་ཅད་མཁྱེན་པའི་ཞལ་སྔ་ནས་སྤྱན་དྲངས། རང་ལོ་ཉི་ཤུ་ལོན་པ་མཛེས་བྱེད་ཀྱི་ལོ་ཆུ་སྟོད་ཟླ་བའི་ཚེས་བརྒྱད། གྲིབ་ཚོད་རྐང་པ་གསུམ། ཉི་མ་གུང་ཚིག་མ་ཡོལ་ཙམ་ལ་བཀྲ་ཤིས་ཀྱི་གཙུག་ལག་ཁང་དཔལ་ལྡན་ལྕང་ལོ་ཅན་གྱི་ཕོ་བྲང་དུ་མཁན་པོ་དོན་གྱི་སླད་དུ་མཚན་ནས་སྨོས་ཏེ་གནས་བརྟན་ཆེན་པོ་ཀུན་དགའི་ཞབས་དང༌། ལས་ཀྱི་སློབ་དཔོན་མཁན་ཆེན་ཐམས་ཅད་མཁྱེན་པ་ཚར་པའི་ཞལ་སྔ་ནས། གསང་སྟེ་སྟོན་པའི་སློབ་དཔོན་མངའ་རིས་བླ་ཆེན། གྲིབ་ཚོད་པ་མཁས་པའི་དབང་པོ་རྗེ་བཙུན་དབོན་རིན་པོ་ཆེ་ངག་དབང་བསྟན་པའི་རྡོ་རྗེ། ཞུ་བ་པོ་སྡེ་སྣོད་འཛིན་པའི་གནས་བརྟན་སངས་རྒྱས་བཟང་པོ་དང་བཅས་པའི་དབུས་སུ་བསྙེན་པར་རྫོགས་པ་དགེ་སློང་གི་སྡོམ་པ་ལེགས་པར་ཐོབ་སྟེ། འདི་ན་སངས་རྒྱས་བསྟན་པ་རིན་ཆེན་སྒྲོན། །འབར་བའི་སྣོད་ནི་དགེ་སློང་ཉིད་ཡིན་ལ། །བླ་མེད་སྔགས་ཀྱི་སྟོན་པ་རབ་མཆོག་ཀྱང༌། །དགེ་སློང་རྡོ་རྗེ་འཛིན་པ་ཉིད་དུ་གསུངས། །དེ་ལྟར་ཤེས་ནས་བསྟན་པ་མཐའ་དག་ལ། །བཤད་དང་སྒྲུབ་པའི་བྱ་བ་ལྷུར་ལེན་ཕྱིར། །ཞུགས་ལ་ཡོངས་སུ་རྫོགས་པའི་སྡོམ་པ་མཆོག །བསོད་ནམས་བགོ་སྐལ་ཉིད་དུ་བདག་གིས་ཐོབ། །བདག་ཆེན་རིན་པོ་ཆེ་ཡང་དབུས་ནས་ཡར་ཕེབས་བྱུང་བ་ལྟར། ངེད་ཅག་ཉང་སྟོད་དང་བོ་དོང་སྒྲགས་པའི་སློབ་གཉེར་བ་དྲུག་ཅུ་ཕྱིན་དང་བཅས་སླར་རྟ་ནག་