R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༨༦
[A:༨༦]ཅིག་ཀི་ཤར་དོས་དྲག་དྭགས་པོའི་མདའ་རྩེད་བཞིན། །རྐང་ལག་སོགས་འགྱུར་བྲོ་པའི་ས་བྲོ་བཞིན། །ཡར་མཆོང་མར་མཆོང་སྤྲེའུའི་ཟློས་གར་བཞིན། །སྔོན་བྱོན་མཁས་པས་འདི་འདྲ་ཨེ་མ་མཛད། །དྲིལ་བའི་ལོ་ངོ་ལྔའི་བར་མཚན་ཉིད་པའི་ཁུངས་ཡིན། རྟ་ནག་རང་དུ་ནི་ཟླ་བ་ཧྲིལ་པོ་བཅུ་བཞི་ལས་མ་བསྡད། དེར་སྡོད་པའི་བར་གསུང་ཆོས་སྔ་ཕྱི་ཆོས་སྤྱོད། རིགས་ལུང༌། མང་ཇ་སོགས་ཐམས་ཅད་ལ་འཚོག་པའི་སྔོན་མ་གྱེས་པའི་རྟིང་མ་བྱས། རས་ཆོད་དུ་ཨ་ཅང༌། ཆོས་ཁྲིམས་པ་ལ་ཞུ་བ་བྱས་པའི་བྲེལ་སྤྱོད་ཀྱང་མ་བྱས་པར་ཆོས་ར་རིགས་ལུང་ཐེངས་གཅིག་ཙམ་ཡང་གཅོག་མ་མྱོང༌། བདག་རང་ཨ་ཅང༌། ངེད་རང་གི་གྲྭ་རིགས་ཚུན་ལ་མཐའ་འདོམས་བྱས།ཆོས་སྡེའི་སྒྲིགས་ལ་གནོད་པ་ཅུང་ཟད་ཀྱང་མ་བྱས་པ་བླ་མ་དཀོན་མཆོག་གི་ཐུགས་ཀྱིས་མ་ཁྲེལ་བར་བྱས་པ་བཞིན་གཞི་བྱེས་ཀྱི་དགེ་འདུན་ཐམས་ཅད་ཀྱིའང་དགྱེས་ཚོར་དང༌། བཟང་བཟང་གསུང་ཚིག་གི་གཏང་རག་དང༌། མཐོང་ཆ་འཇོག་ཀྱང་ལྷག་པར་མཛད། ཚོགས་སུའང་གསུམ་གདན་སྙེས་འབོལ་དང་བཅས་པ་བཞུགས་ཁྲིའི་སྐུ་གཞོགས་གཡས་ན་ཡོད། གསོལ་ཇ་བ་ཟུར་ཁྱེར་དཀར་ཡོལ་དང་བཅས་པ་གསུང་ཆོས་ལའང་ཆོས་གདན་སོགས་དཔེ་མེད་ཀྱི་མཐོང༌། བདག་ཆེན་རིན་པོ་ཆེས་ངེས་ཀྱི་དབོན་པོ་ཡིན་པས་གསུང་ནས་གནང་བ་སོགས་ཐུབ་བསྟན་པ་སྤྱི་སྒོས་ཀྱི་ཐད་དུ་ངེད་རང་ཡ་གིར་སྡོད་རིང་ལ་སྐུར་པ་ཞུ་རྒྱུ་ཡེ་མེད། སློབ་གཉེར་ནུས་ལ་ཤེས་རབ་ཆེ་ཁུངས་བཙུན་པས་གདན་སའི་འོས་ཡིན་ཟེར་