R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༨༧
[A:༨༧]ཕལ་ཆེར་ལབ། ཞབས་དྲུང་རིན་པོ་ཆེས་ཀྱང་ཁྱོད་ཡོན་ཏན་མགྱོགས་པོ་སློབས། འོ་ཅག་ཙམ་སློང་ལ་འབྱོན་ནི་མི་དགོས། བགྲོ་གླེངས་སད་སུད་བདེ་མོ་མ་བྱུང་བས་བཟོད། གཞུང་གི་དོན་ནི་གོའི་འདུག པོ་ཏི་སྦྲེལ་ལས་གྲྭ་སྐོར་ཞིག་ཀྱང་གང་མགྱོགས་ཀྱིས། ཞེ་སུན་ནེ་ཡོང་སྟེ་མཚན་ཉིད་བསླབས་པའི་མདོ་དོན་འདི་ག་མིན་པ་གཞན་ནི་འདི་ཡིན་ཆེར་མི་འདུག །གདན་སའང་བྱས་པ་དགའ་འམ་གསུང་པ་ལན་ཁ་རེ་ཕེབས་བྱུང་ནའང་ཐུགས་བརྩེ་བས་གསུངས་པའི་ལན་ཟློག་པར་མི་ནུས་པས། སྐུ་དྲིན་ཆེ་སྟེ་བདག་གིས་མི་ཟིན་བསམ་ཟེར་བ་ཙམ་གཞུས། གཞན་སྔ་གོང་སྡེ་འཁྲུགས་ལངས་པའི་ནུབ་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་ཀྱི་དཔལ་ཐོབ་ཀྱང་དགོན་པ་འདིར་ལོ་གསུམ་ལས་མི་སྡོད་པའི་དམ་བཅའ་བྱས་ཡོད་པ་དང༌། མཚན་ཉིད་ཤེས་འཆད་ཉན་བྱེད་རྒྱུ་བྱུང་ན་ཆགས་སྡང་མེད་པར་དགོན་པ་རྒྱབ་བྱས་པས་ཆོག་སྙམ་པ་ཁོ་ན་མ་གཏོགས་གདན་སའི་འདོད་ཅི་ཡང་མ་བྱུང༌། ཕྱིས་སུ་ཞབས་དྲུང་དེ་མི་བཞུགས་པའི་རྟིང་ལའང་སློབ་དཔོན་འབུམ་རམས་པས་འདིར་ཤོག་ཡོན་ཏན་སློབས་གདན་ས་གྱིས་ཟེར་ཡི་གེ་མང་པོ་བསྐུར་བྱུང་བའི་ལན་དུ། སྔོན་གྱི་སྨོན་ལམ་ལས་འཕྲོས་མཚམས་སྦྱར་བའི། །སྣོད་ལྡན་སློབ་མ་ནམ་བྱུང་རྗེས་སུ་འཛིན། །སྣང་ཤས་དབང་གིས་མ་དད་མི་འདོད་བཞིན། །སློབ་འཁོར་སྡུད་པའི་ཤེས་འདོད་མི་བདོག་ལགས། །ཟེར་བ་བསྐུར་བས་ཁོང་ལ་འཕོག་ནས་ཡིག་འབྲེལ་ཀྱང་