R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༨༨
[A:༨༨]བཅད་སོ་བསོད་པར་བྱུང་ངོ༌། །འབྲུག་ལོ་དཔྱིད་ཆོས་གྲོལ་ནས་བདག་ཆེན་རིན་པོ་ཆེ་རྩེ་གདོང་ལ་ཐེགས་པ་རིང་པོ་མ་ལོན་པར་ཞི་བར་གཤེགས། དེར་འདས་མ་འོངས་ད་ལྟར་གྱི་གཤིས་ཚུལ་གང་ལ་ལྟས་ཀྱང་ཡི་མུག་ལ་སྙིང་རླུང་ལྡང་པ་ཞིག་མིན་པ་མི་འདུག །བདག་གི་བླ་མ་དེའང་གནས་སྐབས་འདི་ལྟ་བུའི་ཚུལ་ཞིག་སྟོན་པར་གོར་མ་ཆག །དེ་འདྲ་བ་མ་བྱུང་གི་བར་ཞབས་རྡུལ་བསྟེན་གསུང་ཆོས་ལྷག་མ་རྣམས་ཞུས་བྱས་ན་དགའ་བ་འདྲ་སྙམ། ཡི་མུག་གི་འཕྲེང་བ་མང་པོ་སྤེལ་བའི་ཞུ་ཡིག་ཀྱང་ཕུལ། ཞལ་ངོ་སོ་སོ་ལའང་གསེད་བཀྲོལ་ཞུ་སྣ་འགྱོད་མེད་ཅིག་ཕུལ་ནའང༌། རྡོ་རྗེ་འཆང་ཆེན་པོ་ནས་བརྒྱུད་པའི་གསུང་ཆོས་ཕལ་ཆེར་ཆད་སྙིང་འདོད་པ་དང༌།ངེད་རང་ལ་བསོད་ནམས་ཀྱི་སྐལ་བ་དེ་ལས་མེད་གདའ་བས་ཡོན་མཆོད་ཐམས་ཅད་ཀྱིས་ལ་ལས་ཞི་བ། ལ་ལས་དྲག་པོ། ལ་ལས་ངོ་ཚ་བཤེར་བའི་ཕྱག་དམ་མི་སྣ་དང་བཅས་གནང་ནས་དགོངས་པས་མ་ཁྲོལ། དེར་ངེད་རང་གྲྭ་བ་དང་བཅས་པས་བདག་ཆེན་རིན་པོ་ཆེའི་གསོལ་འདེབས་ཀྱི་ཐོག་ཏུ་སྒེར་གྱི་མང་ཇ་གདན་ནོན་འགྱེད་བཅས་གྲྭ་པ་རྣམས་བསྡུས་ནས་མང་ཇ་སྐོལ། མེ་ཏོག་གི་ཆར་ཞག་མང་པོ་ཁ་བ་ལྟ་བུར་བབས། ལས་རྒྱུ་འབྲས་ངོ་ཤེས་ཤིང་དད་པ་ཡོད་པའི་དགེ་འདུན་ཐམས་ཅད་ཀྱིས་ངུད་མོའི་སྒྲས་ས་གཡོ་བ་ཙམ་བྱུང༌། སློབ་དཔོན་བཀྲས་བརྟན་སོགས་དར་འཕྱར་དང་གཏང་རག་གཏོང་མཁན་ཡང་ཁ་རེ་འདུག །དེ་ལྟར་གསོལ་འདེབས་