R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༨༩
[A:༨༩]གྲུབ་མཚམས། ཡང་ཞུ་ཡིག་ནན་ཆེར་འུ་ཐུག་དང་བཅས་པ་ཞིག་ཕུལ་བའི་ལན་དུ་ཡི་གེ་བསྐུར་བས་མི་གོ་ན་དངོས་སུ་བསླབ་བྱ་བྱེད། གྲྭ་པ་དང་ཆས་ཀ་དེར་ཞོག་ལས་ཁྱོད་རང་ཧྲུག་ཙམ་ཞིག་ཤོག་གསུངས་ནས་བོ་དོང་དུ་སླེབས། བླ་མ་དམ་པ་དེ་དང་མཇལ། ད་གང་ལའང་སྙིང་པོ་མི་འདུག་པས་ཚེ་ཕྱི་མ་ལ་ཕན་པའི་ཆོས་ཤིག་ཞུ་དགོས་འདུག་ཟེར་བ་ཞུས་ནའང་ཞལ་ངོ་ཚོས་ཕུག་རྡོ་རྒྱབ་ཚར་འདུག་པ་དང༌། གསུང་ཆོས་ཀྱང་རྫོགས་པར་ནི་གནང་མི་ཐུབ་པ་འདུག་དགོངས་པ་འདྲ། བླ་མ་གཤེགས་རྗེས་དགོན་པ་བོར་བས་ཅི་ཡོང༌། ཕར་རྒྱུག་ལས་སློབ་གཉེར་གྱི་འཕྲོ་གྱིས་ཞེས་དང༌། བླ་མ་གཤེགས་བསྟན་པ་ཉམས་དམའ་བའི་སྐབས་སུ་ཀ་བསྟན་པའི་ཁུར་འཁྱེར་དགོས་པ་ཡིན་གསུང་ནས་དགོངས་པས་མ་ཁྲོལ་ཞིང༌། ཞལ་ངོ་རྣམས་ཀྱིའང་བླ་མའི་བཀའ་བཅག་པའི་ཐུགས་དམ་གྱིས་གྲུལ་ཅི་བཏུབ་སོགས་འདྲ་འདྲ་མང་པོའི་བཀའ་བཀོད་ནན་ཆགས་པ་མཛད་དེ་ཟླ་ཕྱེད་ཙམ་ལས་མ་འགོར་བར་ཕྱིར་བརྫངས། འགྲོ་ཁར་བདག་གི་བླ་མ་དེ་དང་འབྲལ་མི་ཕོད་པ་ཙམ་གྱི་སྡུག་བསྔལ་ཆེན་པོ་བྱུང༌། ཕྱི་ཕྱག་ཕུལ་གདུངས་བའི་མཆི་མ་ཆར་དུ་བབས། སྐད་ཀྱིས་བརྣངས་པ་ཙམ་དུ་ངུས་པས་མ་བཤུམ་པར་འདིར་བྱོན། ངས་བྱིན་རླབས་བྱས་ཀྱི་གསུང་ནས་བྱིན་རླབས་བཀའ་བསྒོ་རྒྱས་པོ་ཞིག་མཛད། ང་ལའང་སོམས་ལས་ཐོས་བསམ་སྒོམ་གསུམ་ལ་གཡེལ་བ་མ་བྱེད་གསུང༌། བདུད་རྩི་