R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༩༠
[A:༩༠]རིལ་བུ་བདུན་གནང༌། སྒོ་ནང་དུ་སླེབས་ནས་ཡར་ལོག་སྟེ་དུས་དང་གནས་སྐབས་ཐམས་ཅད་དུ་སྐྱབས་མགོན་རེ་ས་གཞན་མི་བདོག་པས་ཐུགས་རྗེས་གཟིགས་དགོས་ཞུས་པས། ཞལ་འཛུམ་མཛད་དེ་ཐུགས་རྗེས་ལོས་གཟིགས། ངས་དུས་ཐམས་ཅད་དུ་ཁྱོད་མ་བརྗེད་པ་བྱེད་ཀྱི་ཡོད་གསུངས་ཏེ་གསུང་གི་ཐ་མ་ཐོས་པ་འདི་ཡིན། དེ་ནས་སེམས་འཕྲེང་བཞིན་དུ་ཕྱིར་ཕྱིན་ནས་དེ་ནུབ་དར་སྡིངས་སུ་བསྡད། སེམས་ཧད་དེ་བ་ཞིག་མིན་པ་འདི་ཡིན་ཞིག་མི་འདུག །རིམ་བཞིན་རྟ་ནག་ཏུ་སླེབས། རྗེ་བཙུན་དབོན་རིན་པོ་ཆེས་གསུང་ཆོས་ཐུན་གཉིས་མ་གསུངས། ངེད་རང་དཔོན་སློབ་ཚོས་སློབ་གཉེར་འཕེལ་པོ་ཡོད་པའི་ཟླ་ཕྱེད་ཅུང་མ་སོང་པ་ལས་བདག་གི་བླ་མ་རྡོ་རྗེ་འཆང་ཆེན་པོ་དེ་ཞི་བར་གཤེགས་ཚར་འདུག་ནའང་སྙུང་གི་ཡོད་ཟེར་བའི་བང་ཆེན་སླེབ་འཕྲལ་མཇལ་བ་ཨེ་སྲིད་སྙམ་རྟ་ནག་ནས་ཉི་མ་ཕྱེད་ཡོལ་ལ་ཡོངས་པས་ལ་རྩེར་ཉི་མ་རྒས་ཙམ་ལ་སླེབ། ན་རྫབ་ཀྱི་གསབ་ལ་འགྲེལ་ཞིང་བོག་ཞིང་ཡོངས། དར་སྡིངས། ཀོག་ཆུང་མའི་གྲུ་ཁ་སོགས་ན་ཐབ་འཛིན་པ་རིམ་བཞིན་འཇོག་པ་མཛད་འདུག་ནའང་ངེད་རྣམས་མཚན་འགྲིམས་བྱས་པས་ཚོར་མཁན་ནི་སུ་ཡང་མ་བྱུང༌། མཚན་ལ་ཀོ་བ་འདོན་རྩིས་ཀྱིས་མགྱོགས་པར་ཡོངས་པས་གཞོང་གོང་བྱ་བའི་ལུང་སྟོང་ཞིག་ཏུ་མཚན་སྔ་ཕྱེད་ཙམ་ལ་སླེབས་གང་ཙམ་ཕྱིན་ཀྱང་དེ་ཁར་འཁོར་ནས་ཐོར་ཆ་ཙམ་ཞིག་ལམ་སྒོར། དེ་དུས་ནི་ཡི་མུག་ལ་བྱ་ཐབས་མེད་པ་བྱུང༌།