R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༩༡
[A:༩༡] ཕྱིས་བསམས་པས་དེར་མ་འགོར་ན་དབྱར་གཙང་རྒྱས་པའི་ཆུ་ལ་མཚན་ཀོ་བཏང༌། །གང་ལའང་ལྟ་རྒྱུ་མེད་པ་ཞིག་ཡོང་བ་འདུག་པས་བླ་མ་དམ་པ་དེའི་ཐུགས་རྗེས་སྐྱབས་པར་འདུག །འཇིགས་སྐྲག་རིངས་པར་ཆས་པའི་བུ་རུལ་བདག །འཇིགས་བཅས་ཆུ་བོའི་འཇིངས་སུ་ཤོར་དོགས་ནས། །འཇིགས་མེད་བླ་མ་དེ་ཡིས་གནས་དེར་སྒོར། །འཇིགས་རུང་ཆུ་བོའི་འཇིགས་ལས་དེ་རིང་སྐྱབས། །སྐྱབས་ཁྱེད་སླུ་མེད་ལགས་ཞེས་འདིས་ཀྱང་མཚོན། །མཚོན་མོད་སྐལ་ངན་ཕལ་གྱིས་ཇི་ལྟར་གོ །གོ་ཡང་དད་པ་མེད་པ་དེ་བས་མང༌། །མང་པོའི་ཁྲོད་ན་ཤེས་ལྡན་ཉིན་སྐར་ཙམ། །ཀ་སྦུག་སོགས་ཀྱི་ཞིང་ཚིགས་ཚེར་མས་ལྟབས་པའི་བར་ཡུར་པོ་སྐེ་ནུབ་པ་ཙམ་ཆུས་གང་བ་མང་པོ་སྒྲོལ་བའི་ཚེ། བཀྲ་ཤིས་སྒང་པ་དཔལ་འབྱོར་ཟེར་བའི་མི་གཞོན་ཧུར་ཐག་ཅིག་ཡོད་པ་དེ་དང༌།བློ་བཟང་གིས་ལམ་བཅགས་སྲོག་འཚོར་ལ་ཁད་བཞིན་དུ་ལམ་སྣ་བྱས་ཕྱིན་པས་ངེད་རྣམས་བདེ་བར་ཆུ་ཁར་ནམ་ཟི་ལ་སླེབ། ཆུ་མཐོང་བས་ཐམས་ཅད་སེམས་ཁོངས་སུ་ཆུད་ཀྱང་ཉེས་མེད་དུ་ཐོན་ཏེ་ཚེས་གཅིག་གི་ཉི་རྩེ་ལ་རྫོང་དུ་སླེབ། སྣང་ཚུལ་མཐོང་དུས་ཁ་སིང་ང་རང་གིས་ཐབ་བཞོག་གང་ལའང་མ་འཛེམས་པར་འོངས་པ་དེས་མཇལ་ཐུབ་ཙམ་བྱུང་འདུག་སྙམ་པ་ཤར་མོད། ངེད་བྱིས་པར་སོང་བས་ཁྱེད་ཀྱི་དེ་ཨེ་ཐོ་བྱུང་ཟེར་མཁན་ཙམ་ཡང་མི་གདའ། དགུང་ཞག་གི་བར་དུས་འཁོར་ཡོངས་རྫོགས་དང་བདེ་མཆོག་ལླུ་ཧི་པའི་སྒྲུབ་མཆོད་