R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༩༣
[A:༩༣]ཀྱང་ནང་ཐམས་ཅད་ཁྲག་དྲིས་ཁེངས་གདའ། རྨི་ལམ་དེ་བྱུང་ནས་ཟླ་བ་མ་འགྱངས་པ་ལ་ལྷ་ས་རྫོང་པའི་དཔོན་པོ་ཕྱོགས་ལས་ཟེར་བ་དེ་ཕོ་ལོག་སྒང་ཚལ་གྱིས་བཏབ་ནས་གདུངས་པའི་སྐད་ངན་འདོན་བཞིན་དུ་ཞག་གཅིག་ལ་ཤི །ལོ་ཕྱི་མའི་ཟླ་བ་དྲུག་པའི་ནང་དུ་མི་ཁ་ཅིག་གིས་ཕ་ཞིག་ཁྲིད་བྱུང་ནས་ཤ་དགོས་ཟེར་བ་དེ་ནི་འདི་ཡིན་ཟེར་ངའི་འཁྲིས་དེར་བསད་སོང་བ་ཞིག་བྱུང་བའི་འཕྲལ་དུ་ཁོའི་ཆུང་མ་ཞིག་ཤི་སོང་ཞིང༌། དེ་དུས་ཀྱི་མཐུ་བྱེད་པོ་ཀོ་ཆག་པ་བྱ་བའི་སྔགས་པ་མི་དྲུག་ཙམ་ཡང་གྲི་ཁ་ཁོ་ན་རུ་སོང་ནས་རྐང་སྟོངས་ཏེ་མི་བདོག །བསྟན་ལ་སྡང་བ་འདི་དག་མི་སྒྲོལ་ན། །བསྟན་སྲུང་བསྙེན་ཅིང་བསྒྲུབས་ནས་ཅི་ཞིག་བྱེད། །བསྟན་དང་བླ་མའི་ཆེད་དུ་བྱས་པ་ཡིས། །བསྟན་སྲུང་དབང་པོས་མྱུར་མགྱོགས་མཐུ་རྩལ་བསྟན། །བསྟན་དགྲ་སུ་བྱུང་ད་དུང་སྒྲོལ་བྱེད་མོད། །མོད་ལ་བདེ་ཆེན་ཞིང་དུ་མངོན་འཚང་རྒྱ། །རྒྱ་ཆེན་རྒྱུད་ལས་གསུངས་པའི་མན་ངག་ཀུན། །ཀུན་གྱིས་ཤེས་ན་ས་སྟེང་བསྲེགས་ཀྱི་དོགས། །མདོར་ན་དེ་ཡན་ཆད་ནི་བདག་གི་བླ་མ་རྡོ་རྗེ་འཆང་ཆེན་པོ་དེས་སྐུ་དྲིན་ཁོ་ནས་བདེ་བར་འཚོ་བའི་སྐབས་སོ། །དེ་ནས་བསམས་པས་བདག་གི་བླ་མ་དེ་ལས་གསུང་ངག་རིན་པོ་ཆེ་ཞིག་ཐོབ་ཀྱང་བྱིས་པར་སོང་བ་སྙན་བརྒྱུད་བཞི་ལྡན་ཞིག་མ་བྱུང་བ་འདུག །གཞན་སྙིང་པོར་གྱུར་པའི་གདམས་པ་ནི་ཆེར་མ་ཐོབ་ད་ནི་བླ་མ་དེའི་ཚབ་མཁན་ཆེན་ཐམས་ཅད་མཁྱེན་པ་ལ་ཞུ་སྙམ་པ་