R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༩༤
[A:༩༤]ཐུན་མོང་མིན་པར་ཤར་ཏེ། འདིའི་ཚུལ་ཞིབ་བར་བཤད་ན་སྔར་སྨོས་པ་ལྟར་བྱིན་པའི་དུས་ཀྱང་རྗེ་ཉིད་ཀྱིས་རྟེན་འབྲེལ་བསྒྲིག་པ་གནང་བ་དང༌། ངེད་རང་ཡང་ཤིན་ཏུ་དད་པ་ཞིག་བྱུང་ནས། གླང་ལོ་རིན་པོ་ཆེ་དྲུང་བདག་གི་བླ་མ་དེ་མཇལ་བ་དང་རོང་ཕྱོགས་ལ་ཕེབས་པ་སྒོ་བསྟུན་བོ་དོང་དུ་ཕེབས་བྱུང་སྐབས་གསུང་ཆོས་ཞུས་ཆོག་པའི་ཞུ་བ་ཞལ་ངོ་རྣམས་ལ་ཞུས་པས་དགྱེས་བཞིན་དུ་གྲོལ་མོད། འོན་ཀྱང་རང་རེའི་བྱེད་པའི་དཀྱུས་ཡིན་པས་ཞབས་དྲུང་དུ་བརྟག་པ་ཞིག་ཞུས་གསུངས་ནས་ཞུས་པས་ཀྱང་ཤིན་ཏུ་བཟང་བར་བབས། བདག་རང་གིས་ནན་གྱིས་ཞུས་ཀྱང༌། བླ་མའི་སློབ་མ་སློབ་མར་མིན་གསུངས་ནས་ཞལ་གྱིས་མ་བཞེད་པའི་ཚེ། རྗེ་བཙུན་རྡོ་རྗེ་འཆང་གིས་བཀའ་ལུང་ནན་གྱིས་གནང༌། བླ་མའི་སློབ་མ་སློབ་མར་མིན། །ཟེར་བའང་བདོག་སྟེ། བླ་མ་མཉེས་བྱེད་གང་ཡིན་བྱའང་ཟེར་བ་མི་བདོག་ལགས་སམ་ཅིས་ཀྱང་གནང་མཛོད་གསུང་བ་ལ། གནས་གསར་བ་མི་མིན་ཟེར་བ་བདེན་པར་འདུག །བླ་མ་ལ་ཐེལ་འབེབས་སོགས་སྔར་མེད་ཀྱི་སྲོལ་བཙུགས་གསུང་སྐུ་རྩེད་དང་བཅས་ཞལ་གྱིས་བཞེས། ཐོག་མར་སྒྲོམ་དཀར་གྱི་ཚེ་ཁྲིད་ཟླ་བའི་ཆུ་རྒྱུན་འོད་ཟེར་དྲུག་བསྒྲག་གི་རྗེས་གནང༌། ཆག་ལོའི་ལུགས་ཀྱི་ཚེ་དཔག་མེད་དཀར་པོ། དབྱངས་ཅན་མ་དཀར་མོ་སྟེ་དཀར་ལྷ་གསུམ་གྱི་སྒོ་ཕྱེ་ནས་ཞག་དྲུག་གི་རིང་ལ་བྱིན་རླབས་རྗེས་གནང་ཉི་ཤུ་རྩ་དྲུག་ལུང་མང་པོ་དང་བཅས་པ་ཐོབ། དེའི་སྐབས་འཕྲོས་ཤིག་ལ་ཁྱོད་ཚོ་ང་ལ་ཆོས་ཞུས་ན་ཟེར་བརྟག་པ་