R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༩༦
[A:༩༦]ཡང་གང་བྱེད་མི་ཤེས་པས་མགོན་པོ་དམར་པོ་སྐོར་གསུམ་སོགས་ཁག་ཆེ་བ་འདི་རྣམས་མྱུར་དུ་གསན་པ་དྲག །འདི་པ་ཇི་ལྟ་བ་ཤེས་མཁན་ད་གཞན་ཡེ་མི་བདོག་གསུང་བ་སོགས་ཐུགས་བརྩེ་བས་དགོངས་པའི་བཀའ་ལུང་བསླབ་བྱ་མང་དུ་གནང་བས་སེམས་ངལ་གསོས། ཞབས་དྲུང་རིག་འཛིན་ཆེན་པོའི་ཞོར་ལ་དཀར་བདུད་སོགས་རྗེས་གནང་ཁ་ཅིག་ཀྱང་ཐོབ། དེར་འཕྲལ་དུ་སྤྱན་འདྲེན་པའི་རྩིས་ཀྱི་དུས་བསྒྲིགས་ཞུས་ནའང༌། ངོ་བོ་ནི་ཆོས་བསྒུགས་བྱེད་དུ་འཇུག་པར་འདུག །ལྟར་སྣང་ཐུགས་བྲེལ་གློ་བུར་བ་འདྲས་གཡེངས་པའི་ཁུངས་མཛད། སྔར་གྱི་དུས་ཚེས་ལས་ཟླ་བ་གསུམ་ཙམ་འགྱངས། དེའི་བར་ལ་གོང་དུ་སྨོས་པའི་མཚམས་དེ་བྱས། དེ་གྲོལ་འཚམས་བླ་ཆེན་ཐུགས་རྗེ་ཅན་གྱི་དྲུང་དུ་གསར་མའི་རྒྱུད་འབུམ་ཕལ་ཆེ་བའི་ལུང་ཞུས། འདར་ཞབས་དྲུང་དུ་གདན་འདྲེན་རྟིང་བསྐུལ་ཡང་ཡང་ཕུལ་བའི་རྟིང་མ་ལ། དཔལ་བདག་ཆེན་ཆོས་རྗེའི་སྐུ་ཡི་དབོན། །ཞེས་སོགས་བསྔགས་བརྗོད་ཁ་ཅིག་གི་མཐར། ས་དབུས་གཙང་ཁམས་གསུམ་གྱི་སྨན་ལྗོངས་ན། །ཆོས་ཟབ་མོ་འདོད་པ་མང་ན་ཡང༌། །ངས་རྡལ་པོར་གཏད་པ་ཁྱེད་ཉིད་ཙམ། །ཕ་རྡོ་རིང་པའི་བསྟན་པ་འཛིན་དུ་རེ། །ཞེས་སོགས་ཀྱི་གསུང་བཟང་པོ་དང་བཅས་དུས་ངེས་གནང་བྱུང་བའི་ཐོག་ཏུ་སྤྱན་དྲངས། རང་ལོ་ཉེར་གཅིག་ལོན་པ་འབྲུག་ལོ་ལ་ཟླ་བ་བཅུ་གཉིས་པའི་ཚེས་བཞི་ལ་ཕེབས། དེ་ནུབ་ནས་གསུང་ཆོས་བཙུགས་ཏེ། མགོན་པོ་ཆེ་ཆུང་དམར་པོ་སྐོར་གསུམ་ཆ་ལག་དང་བཅས་པའི་རྗེས་གནང་ཡིག་