R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༩༧
[A:༩༧]ལུང་རྫོགས་པ། མན་ངག་ཕལ་ཆེར་དང་བཅས་པ་གནང་བའི་ཉིན་རེ་ཆོས་ཐུན་གཉིས་གཉིས། འཆམས་དབྱངས་ཀྱི་བསླབ་སྦྱངས་སོགས་དཔྱིས་ཕྱིན་པར་ཐུགས་ལ་བཏགས་ཏེ། མཚན་སྔ་ཕྱེད་ཙམ་དབྱངས་བསླབས། དེ་ནས་སྒོམ་ཐུན་ཡོད་ཙམ་དང་གཏོར་བསྔོས་སོགས་བྱས། དེ་ནས་མར་མེའི་འོད་ལ་མགོན་པོའི་ཕྱག་དཔེ་ཁག་ཆེ་བ་ཚོ་ཡི་གེར་བྲིས་པས་ཟླ་བ་གཅིག་ལ་ཤོག་བུ་བཅུ་དྲས་སུམ་བརྒྱ་ཙམ་ཚར་བྱུང་ཞིང༌། ངེད་ཀྱི་མགོན་པོའི་དཔེ་དྲག་ཤོས་རྣམས་ལ་སྐྱེར་ཐིག་གར་པོ་བྱས་པ་ཁོ་ན་ཡོང་བའི་རྒྱུ་མཚན་དེ་ཡིན། དཔོན་སློབ་གཉིས་ཅར་ལ་མནལ་ལམ་མཚན་ལྟས་ངོ་མཚར་བའང་བྱུང༌། གསེར་གྱི་མཎྜལ། ཚོགས་ཀྱི་འཁོར་ལོ་སོགས་ཀྱང་འབད་པས་བསྒྲུབས། གྲོལ་སྟོན་ལ་འཆི་མེད་འོད་སྣང་མའི་དབང་ཞིག་གནང་ནས་རྗེ་བླ་མ་བསྟི་གནས་སུ་བྱོན། རྒྱལ་བ་སྒོ་རུམ་པ་དེའི་སྐུ་དྲིན་གྱིས། །རྒྱལ་ཚབ་ཉིད་ལས་མི་ཞན་བླ་མས་བསྐྱངས། །རྒྱལ་བསྟན་སྲུང་མའི་དབང་པོ་ཆེ་ཆུང་དང༌། །རྒྱལ་དབང་དམར་པོ་སྐོར་གསུམ་གདམས་པ་ཐོབ། །ཕྱི་རོལ་དྲེགས་པའི་གསུང་བརྙན་ཇི་སྙེད་པ། །རྡོ་རྗེ་ལུས་ཀྱི་རྟེན་འབྲེལ་ཁོ་ནར་བསྟན། །དེ་ཡང་གསལ་སྟོང་ཟུང་འཇུག་བློ་འདས་སུ། །རང་ངོ་སྤྲད་ཚེ་འཁོར་བ་ཧྲུལ་པོར་སོང༌། །རང་བཟོའི་རྙོག་མ་སྤངས་པའི་བདུད་རྩིའི་ཆུ། །བྱིན་རླབས་ལྦུ་འཕྲེང་མ་ཉམས་འདི་འཐུང་ཚེ། །ཉོན་མོངས་སྐོམས་ནད་སེལ་བ་ལྟ་ཅི་སྨོས། །གྲུབ་གཉིས་ཀུན་དགའི་མྱོས་པ་ཅི་ཡང་ཐོབ། །ས་སྐྱའི་རྗེས་འབྲངས་ཕལ་གྱིས་མ་ཐོས་པའི། །ས་སྐྱའི་བླ་ཆེན་སྙན་བརྒྱུད་