R167: བླ་མ་རིན་པོ་ཆེ་མཁན་ཆེན་པའི་རྣམ་ཐར་ངོ་མཚར་སྙེ་མ་ཞེས་བྱ་བ་སྒྲོ་བཀུར་དང་བྲལ་ཞིང་ཡིད་ཆེས་ལ་དགོད་བྲོ་བ་ཞིག

  • Pagination (Witness A): ༩༩
[A:༩༩]ཅིག་བྱུང་འདུག །སང་དེའང་མཇལ་བས་སྐུ་ཤའི་མདོག་ཞལ་རྒྱན་སོགས་རྒྱུན་པ་ཇི་ལྟ་བར་འདུག་ནས་ཤིས་ཚུལ་ཞུས་པས། ཁྱེད་རང་ལ་གཟིགས་སྣང་ཞིག་བྱུང་བ་ཡིན་ནམ་གསུངས་ཏེ། ཐོགས་མེད་གཟིགས་པའི་ཡེ་ཤེས་སྤྱན་ཟུར་གྱིས། །ཚད་མེད་གེགས་ཀྱི་ཉེན་པ་དེ་དགོངས་ནས། །སྒྲིབ་མེད་བརྩེ་བས་བྱོན་ནས་མཇལ་མ་ཐག །དཔག་མེད་སེམས་ཀྱི་གདུང་བ་ག་ཤེད་སོང༌། །གཞོན་ནུ་ལང་ཚོ་རྒྱས་པའི་འཛུམ་ཞལ་དང༌། །རེས་འགའ་དར་ཡོལ་བརྗིད་ཆགས་འཛུམ་མདངས་ཅན། །རྡུལ་བྲལ་ཡེ་ཤེས་སྐུ་ཡི་འཛུམ་ཞལ་ནི། །སྐལ་ལྡན་མིག་ལ་རྣམ་འགྱུར་དུ་མ་བསྟན། །བསླུ་མེད་འདི་འདྲའི་མགོན་གྱིས་བཟུང་བ་ཀུན། །ཇི་ལྟར་བྱས་ཀྱང་གོལ་ས་མ་མཆིས་མོད། །བརྗེད་ངས་ལོག་ལྟའི་དབང་དུ་མ་སོང་བའི། །གསོལ་འདེབས་ནུས་ན་དེ་གས་ཆོག་པར་གོ །ཟླ་བ་བཅུ་པའི་ཡར་ངོ་ལ་མཐར་ཕྱིན་གཏང་རག་ཀྱང་ཤིན་ཏུ་རྒྱས་པ་ཞིག་བྱས་ཤིང༌། སླར་དཔལ་མགོན་བསྙེན་དུས་གྱི་བསྙེན་པ་ཞག་ཉེར་གཅིག་པ་ཞིག་བགྱིས་པའང་ཡིད་ཆེས་པར་བྱུང༌། ཟླ་བ་བཅུ་གཅིག་པ་ལ་མཁན་ཆེན་ཐམས་ཅད་མཁྱེན་པའི་དྲུང་དུ་མཇལ་བ་དང༌། གསུང་ཆོས་ཀྱི་འཕྲོ་འགའ་ཞིག་ཞུ་བ་ལ་འདར་སྟོད་གྲང་མོ་ཆེའི་ཆོས་གྲྭར་ཕྱིན། ལུགས་གཉིས་ནས་བརྩེ་སྐྱོང་བུ་ལས་ལྷག་པ་མཛད། །འདར་པ་དྲུང་ཆེན་ཆེན་མོ་དེ་བཞུགས་ཀྱི་ཡོད་པ་ལྟར་གཞིས་ལེན་ཟུར་སོས་སོགས་གང་ཅི་ནས་རེ་བ་ཁེངས་ངེས་ཤེས་པ་ཐུགས་ལ་བཏགས།