R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༥༡
[A:༣༥༡]པའི་ཞབས་བསྐུལ་བྱས། དེ་འཕྲལ་དཔོན་སློབ་བཞི་ཕེབས་པ་ལ་མཆོད་ཡོན་ཐམས་ཅད་བཀུར་མཐོང་དང༌། སྣ་ལེན་ལེགས་པར་མཛད། རྟ་ལོའི་ཟླ་བ་དང་པོའི་མགོ་སྒང་ནས་བཟུང་ལྷ་ཆེན་བཟོ་འཕྲོ་ལ་ཆ་ཚད་ལུང་དང་མཐུན་པ། བཟོ་རིགས་པ་མཁས་པར་གྲགས་པ་དོན་དང་ལྡན་པའི་ལག་རྒྱུན་བཟང་པོ་ཇི་ལྟ་བར་གཏན་ལ་ཕབས་པ་འདི་ནི་ལེགས་པར་སྦྱངས་པའི་མཁས་པ་དུ་མའི་ཞལ་ལུང་དང་བཅས་པའོ། །བཟོ་ཁྱད་ཀྱི་རྣམ་འགྱུར་ཡང་རྒྱ་གར་དབུས་ཀྱི་ལྷ་རིས་དང་མཐུན་པར་ན་བཟའ་གོས་འཁྱུད་ཤ་མི་སྒྲིབ་ཀྱི་མཐའ་ལ་ཁ་ཆེའི་པ་ཊ་ཁོར་མོའི་འཕུལ་བྱེད་རྒྱུའི་ཕྱག་བྲིས་བཏབ། ཞལ་རས་ཀྱི་ཁྱོན་གྱི་དཔེ་ལོགས་སུ་བཀར་བ་སྔ་མ་དེའི་འཁྲིས་སུ་གསར་བཟོས་ལྟ་བས་ཆོག་མི་ཤེས་པ་ཞིག་མཛད་པས། བལ་པོ་རྣམས་མགུ་སྟེ་དྲུང་གནས་སྦྱིན་པ་ཁྱེད་འགོ་མ་ནས་ཕེབས་ན་ལེགས་མགྱོགས་སུ་གྲུབ་རྒྱུ་ལ། ངེད་ཚོ་འཐོགས་གཞི་ཆེ་ཡང་ད་ལེགས་པོ་མ་བྱུང་དོགས་མི་དགོས་པ་འདུག་ཟེར། སྔ་གོང་ཚལ་དུརྦ་སོགས་ཀྱི་ཟངས་ཆུད་ཟོས་ལ་སོང་བ་རྣམས་བོར་གཞི་ནས་བརྡུང་དགོས་པ་བྱུང་རུང༌། བལ་པོ་གསུམ་གྱིས་ཟླ་བ་ལྔའི་ཁོངས་སུ་འཕུལ་དང་བརྡར་གད་ཕལ་ཆེར་ཚར་དེ་བར་སྐབས་རེ་བལ་པོའི་སར་ཞལ་བཀོད་པ་སྐོར་རེ་ཕེབས། སྤྲུལ་སྐུ་སྦྱིན་པ་རང་གི་ཕྱག་བཟོ་ཉིན་རེ་བཞིན་ཐུན་མ་ཆག་པར་ཟླ་བ་ཕྱེད་གཉིས་ཙམ་གྱི་བར་ལ་ཀླུ་ཁང་དཀར་ཕིབས་སུ་མགོན་པོ་གཙོ་འཁོར་རྣམས་ཀྱི་ཞལ་གྱི་དཀྱིལ་འཁོར་ཕྱག་གི་མཁྲིག་མ་ཕན་མགོ་འཕྲེང་གི་དོ་ཤལ་དང་བཅས་པ་གྲུབ་པར་མཛད། དེ་དུས་སྲིན་མོ་