[A:༣༥༦] ལས་བྱེད་པ་རྣམས་ཀྱང་ངལ་དུབ་མེད་པའི་ངང་ནས་ཟླ་བ་བཞི་པའི་གཤམ་དུ་སླེབ་ཚེ། རྡོ་རྗེ་ནག་པོ་ཆེན་པོ་དཔལ་གུར་གྱི་མགོན་པོ་ལྷ་བརྒྱད་ཐུན་མོང་མ་ཡིན་པའི་ཕྱག་མཚན་ཆ་ལུགས་དང་བཅས་པ། སྒོ་སྐྱོང་ཁྲོ་མོ་བཞི་རུ་འདྲེན་དང་བཅས་པ། ཡེ་ཤེས་ཀྱི་ལྷ་མངོན་སུམ་ལྟ་བུ་བདེ་བླག་ཏུ་གྲུབ་པར་བྱས་པའི་དགའ་སྟོན། སྦྱིན་བདག་ཆེན་པོ་ནས། སྤྲུལ་སྐུ་བ་དཔོན་སློབ་ལ་བསྙེན་བཀུར་བཟང་པོ་དང༌། གསོལ་ཇ་རྡུམ་སྐུ་ཆོས་སྐུ་ཤམ། རྩེ་ཞྭ། གཞན་ཡང་འབུལ་ནོད་སྤུས་གཙང་མང་པོ་བསྟབ། སླར་ཕེབས་རྒྱུ་ལ་རེ་ཞིག་ཐུགས་བྲེལ་སྟབས་ནས་གཞིས་ཀ་གོང་དཀར་དུ་ཐེགས། མགོན་པོ་གཙོ་འཁོར་གྱི་རྟེན་གསར་བཞེངས་རྣམས་ཀྱི་སྐུ་མདུན་ཀ་གདོང་དེར། ལྷ་བརྒྱད་མཁའ་འགྲོའི་ཐང་སྐུ་བྱིན་རླབས་ཅན་ཞིག་བཀྲམས་པ་ལ་གཏོར་བསྔོ་དམོད་ནས་དང༌། རྟེན་གསར་པ་རྣམས་ལ་བསྲུང་བ་མཛད། དེ་ལོ་ཆར་ཞོད་དཀོན་པར་ཡོད་ཅིང༌། དཔོན་སློབ་ཧྲུག་པ་ཞིག་སྨན་ཆབ་ལ་ཐེགས་པས་མགར་ཆུའི་སྦུག་གི་རི་ངོས་ནས་རྟེན་རྡོ་གྲུ་གསུམ་རྒྱ་དཔངས་འཚམ་ཞིང༌། ཁ་དོག་དམར་སེར་གྱི་དབུས་ན་པདྨ་འདབ་བཞི་དམར་པོ་ཡོད་པ་ཞིག་བྱུང་བ་རེ་ཞིག་ཉར་ཚགས་གནང༌། འཇམ་དབྱངས་ཆོས་ཁྲི་ལ་སྐོར་བ་མང་པོ་མཛད་ནས་ཆོས་སྡེར་ཕེབས་བཞུགས་ཐོག །སྡེ་པས་ཆར་འབེབས་ཀྱི་ཞུ་བ་གནང་ངོར། བསམ་སྡིངས་ཆུ་མིག་ཁར་ཆར་འབེབས་ཀྱི་ཐུགས་དམ་བཙུགས་པས་སང་དགོངས་མཚམས་ལ་ཁད་ཉེ་ས་ཐམས་ཅད་དུ་ཆར་དྲག་པོ་ཞིག་བྱུང་བ་ནས་བཟུང་ནུབ་རེ་བཞིན་བྱུང༌། དེ་ནས་འཕྱོས་ཁྲོལ་ཁའི་ན་གཞུང་དུ་གདན་དྲངས། རྫིང་འགྲམ་དེར་དཔོན་སློབ་ཁ་ཤས་ཀྱིས་ཐུགས་དམ་གསིལ་གཏོར་བརྒྱ་རྩ་བཏང་།