R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༥༥
[A:༣༥༥]གཡོག་རྣམས་ལ་ཚོན་སི་ཁ་རེའི་ཞལ་བསྲོ་མཛད། ཉེར་བརྒྱད་ལ་སྤྲུལ་སྐུ་བས་མགོན་པོ་ལྷ་བརྒྱད་ཀྱི་རྗེས་གནང་ཞུས། ཉེར་དགུ་ལ་མགོན་ཁང་ཆེན་མོར་རྟེན་གཙོ་འཁོར་ཐམས་ཅད་ཀྱི་རུས་ཤིང་བཙུགས་པ་ལ་སྦྱང་བ་རྒྱས་པ་དང༌། གཟུངས་གཞུག་གི་རིམ་པ་རྣམས་དཔོན་སློབ་ཉུང་བསྡུས་སྣོད་མིན་གྱི་སྐྱེ་བོས་དབེན་པའི་ངང་ནས་མཛད། འཇིམ་པ་འཐག་པ་སོགས་བཟོ་ལས་ཐམས་ཅད་དགེ་སློང་དགེ་ཚུལ་ཤས་ཆེ་བས་བྱས། རོ་གདན་རྣམས་ཟིན་དུས་སྲོད་ཕྱི་མོ་ཞིག་ལ་རོ་གདན་རྣམས་ལ་ལིངྒར་བསྐྱེད་ཆོག་དང་དགུག་གཞུག་རྒྱས་པར་གནང༌། དེ་ནས་སྐུའི་ཁྱོན་རྣམས་ཀྱི་བཟོ་འགྲུས་པོ་གཏོང་བ་ལ་ཁོ་བོ་དང༌། བདག་གི་གཉུག་མར་གནས་པའི་དགེ་ཚུལ་ཚེ་རིང་རྣམ་རྒྱལ། འདྲེས་ལྔ་ནས་སྐུ་གཞོན་པ། འོ་ཡུག་དཀའ་བཅུ་པ་པད་དཀར་རྣམས་ཀྱིས་སྔ་ཞོགས་ལས་འགོ་འཛུགས་པ་དང་དགོངས་མོ་ལས་གཞུག་གི་དོ་དམ་བར་མཚམས་མེད་པར་བྱས་རྗེས་མཁན་ཆེན་ཞག་འགའ་ཟུང་ནས་ལན་རེ་ཙམ་གཟིགས་རྟོག་དང་འཇིམ་པ་བྱིན་རླབས་ལ་ཕེབས། སྡེ་པ་ཡབ་སྲས་དཔོན་གཡོག་རྣམས་ཀྱང་དགའ་སྟོན་གྱི་བཞེས་སྤྲོ་དང་བཅས་གནངས་རེས་ཀྱི་ཕེབས། མཆོད་ཡོན་རྣམས་ཕེབས་དུས་འདུ་ཁང་མཐིལ་དུ་བཞུགས་ཡུལ་གནང་རིང་མི་ཚོགས་ཆེ་བར་ཡོང་བས་མགོན་ཁང་སྒོར་སྡོམས་གཅོད་པ་འཇོག །སྐབས་རེ་འདུ་ཁང་མཐིལ་དུ་ཡང་མི་ཚོགས་རྣམས་ཕྱིར་བསངས་ཏེ། ཡབ་སྲས་རྣམས་ལྷན་དུ་ཡུན་རིང་རབ་ཏུ་རྗེའི་སྐུ་མདུན་དུ་བཞུགས། དགོས་དབང་གིས་སྡེ་པ་རྒྱལ་བུ་ལྕམ་སྲིང་ལ་དཀར་ཕྱོགས་ཀྱི་གནང་བཀོད་གཞུག་སྐྱོང་མཐར་འདོན་ལུགས་མང་པོ་ཡང་གནང༌།