[A:༣༥༧] དེ་འཕྲལ་དུ་ཆར་ཟིམ་པ་ཞིག་བྱུང༌། དེ་ནུབ་གཟིམས་ལྕོག་དང་གུར་ཕུབ་ནས་ཐུགས་དམ་བཙུགས། སང་སྔ་ཞོགས་ནས་བཟུང༌། ངེད་དགེ་སློང་ཁ་ཤས་ཀྱིས་མཆོད་ཤོམས་དང༌། ཁྲུས་གསོལ་སྨོན་ལམ་མང་པོ་བགྱིད་དུ་སྩལ། ཞག་གཉིས་སོང་མཚམས་ཆར་རླུང་དྲག་པོ་ཞིག་གིས་སྣ་གྲངས་ནུབ་ཁ་ཤས་ཆར་རྒྱུན་བཟང་པོ་བབས། དེ་ནས་སྡེ་པ་དཔོན་གཡོག་ཀྱང་ཕེབས་ཏེ་འཕྱོས་སྤྱི་སྡེ་ན་རྗེ་དམ་པ་རྒྱ་གར་གྱི་སྐུ་འདྲ་མི་ཚད་མ་དམ་པའི་ཕྱག་ནས་བཞུགས་པ་ཞིག་ཡོད་པ་མཇལ་ནས་བས་སྣར་ཕེབས། ཡོན་གྱི་འབུལ་ཆ་ཞིག་མཛད། དཔོན་སློབ་བསམ་སྡིངས་སུ་བཅོ་ལྔ་མཆོད་པ་གནང་བ་གྲོལ་འཕྲལ་གཡའ་ནང་དུ་ཕེབས། གྲ་སྦྱིན་རགས་བསྡུས་ཚོགས་པ་ལ་ཚེ་རྟའི་བཀའ་གནང༌། སླར་ཆོས་སྡེར་ཕེབས་བཞུགས་སྐབས་རྗེའི་མནལ་ལམ་དུ་འདུ་ཁང་གི་ཀ་གདོང་དུ་ལུས་བརྟེན་པའི་མི་དཀར་པོ་ཞིག་ཉམས་ཞན་པ་ལྟར་སྨྲ་བས་རྗེའི་སྙན་དུ། ད་རེས་ཁྱོད་ཀྱིས་རོགས་ཧུར་ཐག་མཛད་དགོས་རུང་ཅུང་མི་ཡོང་བ་འདྲ་ཟེར་བ་ཞིག་བྱུང༌། ཞག་འགའ་ན་རྫོང་དུ་དཔོན་ས་སྐུ་བསྙུན་བབས་ལྕི་བར་བྱུང་ལ། དབང་བཀའ་རྗེས་གནང་མང་པོ་སོང་རྗེས་བསྙུན་ཟུག་རྣམས་ཞི་བའི་སྐུ་ཟུངས་ཞན་ཙམ་ཡོད་པ་ཞིག་བྱུང༌། དེ་དུས་གཞིས་ཀ་གོང་དཀར་གྱི་བཟོ་བཀོད་གྲུབ་པའི་འཐངས་ཐིངས་པས། དྲུང་གནས་སྤྲུལ་སྐུ་བ་སྤྱན་འདྲེན་མགྱོགས་བསྐུལ་བཏང་བ་ལྟར། མྱུར་པོ་བཀྲ་ཤིས་རྩེར་ཕེབས་པ་ལ་དཔོན་སའི་དྲུང་ནས་སྒེར་གྱི་སྣ་ལེན་འཛུགས་སྟོན་དང་བཅས། རྟེན་ཆེན་གྱི་སེང་ཁྲི་རྒྱབ་ཡོལ་རྒྱན་སྣ་དྲུག་གི་ཟུར་དུ་འབྲུག་རྒྱན་དང་བཅས་པ་བཟོ་ཁྱད་ཕུན་སུམ་ཚོགས་པ་ཤེས་ལྡན་ཕྱི་མ་རྣམས་ཀྱི་དཔེར་