R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༣༥༨
[A:༣༥༨]འོས་པ་བྱུང་ན་ཡང༌། ནང་སེལ་ཞིག་ཡོད་འདུག་པའི་སྐྱོན་ཡིན་ནམ་ཐམས་ཅད་ཐུགས་འཁྲུག་པ་ཙམ་འདུག། དེ་སྐབས་ནུབ་ཅིག་ཁྲ་འབྲུག་ཆོས་སྐྱོང་སྐུ་ཕེབས་ཆོས་སྡེར་བྱོན། སང་སྔ་ཞོགས་ཀྱང་བབས་ནས། ལུང་བསྟན་མང་པོ་བྱས་འདུ་ཁང་ཐོག་ཆགས་སྟེང་དུ་རྗེ་མཁན་ཆེན་དང་མཆོད་ཡོན་ཐམས་ཅད་བཞུགས་སར་ཆོས་སྐྱོང་གིས་རྡོ་རྗེ་འཛིན་པས་ང་ལ་བཀའ་བསྒོ་ཞིག་མཛོད་ཟེར་རྨོག་ཕུད་སོང་བ་སྤྱན་དམིགས་ཙམ་གནང༌། དེ་ནས་བདག་གྲོགས་མཆེད་རྣམས་ཀྱིས་ལྷ་ཆེན་ལ་གཟུངས་འབུལ་གྲབས་སྔར་ལྟར་བྱས། གནོད་སྦྱིན་འཁོར་ལོ་གསར་བཞེངས་རྒྱ་ཁྱོན་ཡང་མདའ་གང་གྲུབ་བཞི་པ། བྲི་གཞི། བྲི་རྫས་སྔགས་བཀོད་ལུགས། དཔའ་བོ་གཅིག་བསྒྲུབ་གྱི་རྒྱུད་ལུང་དང་མཁས་གྲུབ་ཚད་ལྡན་གྱི་ཕྱག་བཞེས་མ་ཉམས་པ་དང་མཐུན་པར་བདག་གིས་བྲིས་ཐིག་དང༌། དཔོན་ཡིག་ལྷ་བཙན་པས་མཚལ་གར་འགྲོངས་ཀྱིས་ཡི་གེ་མཛད། འདི་རྣམས་ཟླ་ཕྱེད་ཙམ་ལ་ཟིན་དུས་གློ་བུར་ཞིག་ལ་སྡེ་པ་བས་སྣར་ཕེབས་བཞུགས་མཛད་དེ་རེ་ཞིག་མ་ཕེབས། རྗེ་བླ་མ་ཡང་དཔོན་སློབ་ཉུང་བ་རང་ཞིག་མཛད་བསམ་སྡིངས་སུ་ཕེབས། གསེར་འདུལ་སྟོབས་ཆེ་བ་རང་ཚུགས་པའི་སྒང་ལ། དཔོན་ས་སྐུ་ཁམས་ཕྱིར་ལོག་ནས་ཞག་བསྲན་ཆེ་སེ་མཛད། ཉན་པོ་བྱུང་དུས་རྗེ་ཚར་པའི་བྱིན་རླབས་དུད་རྫས་ཀྱིས་ལན་ཅིག་ཕྱིར་ལྷོགས་པ་ལྟ་བུ་བྱུང་བས་ཐུགས་བདེ། མཆོད་ཡོན་སུ་ལ་ཡང་འཕྲོས་མ་ཕུལ་བར་བཞུགས་པས་ལོ་དེའི་ཟླ་བ་བརྒྱད་པའི་ཉེར་དྲུག་ཙམ་ལས་སྐུ་མ་འཚོ། དེ་ནུབ་རང་མཆོད་ཡོན་གཉིས་ཀ་བཀྲ་ཤིས་རྩེར་ཕེབས། དཔོན་སའི་སྐུ་གདུང་ལ་དུས་ཐ་མའི་ཆོ་ག །ཀྱེ་རྡོར་མན་