[A:༢༦༠]སྤྲིན་ལྟར་འདུ་ཞིང༌། དད་ལྡན་སྒོར་མི་རྒྱུན་མི་འཆད་པའི་གནས་དང་འདབ་འབྱོར་བའི་གྲོང༌། ཡུལ་གྱི་དགེ་མཚན་བཅུ་ཚང་བར། གསེར་སྡིངས་ཞེས་བྱ་བའི་ཁྱིམ་དུ། ཡབ་ནང་པ་དབོན་པོའི་མཚོ་སྐྱེས་རྡོ་རྗེ་དང༌། ཡུམ་ཨ་སྲས་ཨ་རྒྱལ་གྱི་སྲས་སྐྱེས་བུ་དམ་པའི་རིགས་སུ་ཤེས་ལྡན་ཐམས་ཅད་ཀྱི་མཚོན་པ་ཞིག །མེ་མོ་ཕག་གི་ལོ་ལ་སྐུ་བལྟམས་པའི་མཚན་དཔལ་འབྱོར་ཞེས་པ་གསོལ་ཏེ། སྐུ་བསྐྱེད་བསྲིངས་ནས། དགུང་ལོ་བཞི་ལོན་པ་ན། ཡབ་ཡུམ་དེ་གཉིས་ལ་སྲས་གཅུང་པོ་ཞིག་སྐུ་བལྟམས་པའི་མཚན་དབང་རྒྱལ་ཞེས་གསོལ། གཞན་ཡང་ཡུམ་མི་གཅིག་པའི་ཇོ་ལགས་ཆོས་རྗེ་བློ་གྲོས་རབ་བརྟན་ཞུ་བ་གཅིག་འབྲས་སྤུངས་བློ་གསལ་གླིང་དུ་སློབ་གཉེར་ལ་བཞུགས་པ་སྡིག་པའི་གྲོགས་པོའི་གཞན་དབང་གི་ལམ་ལས་ཉམས་ཏེ་ངན་སྤྱོད་མང་པོ་བྱེད་པ་ཞིག །རིན་ཅེན་གླིང་གི་དགོན་གསེབ་ཏུ་བཞུགས་ནས་ཕྱོགས་གཞན་ལ་རྐུ་ཇག་ལ་ཕྱིན། དུད་འགྲོ་མང་པོ་བྱུང་བ་རིམ་གྱིས་བསད་དེ་ཤ་དམར་པོས་ནང་གང་བར་བྱས། བག་མེད་དུ་ཟ་ཞིང་དབོན་པོ་དཔལ་འབྱོར་ཆུང་ཆུང་དེ་འཁྲིས་སུ་བཞག་ནས་ཤ་དམར་རྫ་རེ་བ་ཞིག་བྱིན་ནས་འདི་ཟོ་དང་ཟེར་བ་ལ། བུ་ཚ་ཆུང་ངུ་དེས་ཤ་མ་བླངས་པར་འདི་ལྟ་བུའི་སྐྱུག་བྲོ་ཞིང་འཇིགས་པ་ཟེར་བཤུམས་པས། གཟུགས་འདིས་ངའི་དམའ་ཕབ་པ་ཡིན་ཟེར། གཟིམས་ཁང་གི་བད་གཡམ་ཞིག་ཕབ་ནས་སྐེ་ལ་ཉག་ཉག་ཚད་ཚད་ཀྱི་བསྡིགས་མོ་བྱེད་པ་ཞིག་ཡོད་པ་དེ། ཁོང་རང་རྗེས་སོར་རྐྱེན་ངན་པ་ཞིག་གིས་གྲོངས་ནས། འོན་ཀྱང་སྐྱེ་བ་དྲན་པའི་ཚུལ་དུ་སྙེ་མོ་ནང་དུ་བྱུང་ཟེར་རོ། །དབོན་པོ་དཔལ་འབྱོར་འདི་སྐུ་ན་