R169: རྗེ་བླ་མ་རྡོ་རྗེ་འཆང་ཆེན་པོ་གཞོན་ནུ་བློ་གྲོས་ཞབས་ཀྱི་རྣམ་ཐར་ཐེག་མཆོག་ཆོས་ཀྱི་གཎྜིའི་སྒྲ་དབྱངས།

  • Pagination (Witness A): ༢༦༡
[A:༢༦༡]ཕྲ་མོའི་དུས་རྩེད་གྲོགས་ཀྱི་བྱིས་པ་ན་མཉམ་མང་པོའི་གསེབ་ཏུ་བཞི་མདོ་དང་སྲང་བར་རྣམས་སུ་བྱོན་དུས་ལུག་དཀར་པོ་ཞིག་ལ་སྣ་ཁྲིད་བྱས། འཚོ་སྐྱོང་གཅེས་པར་མཛད། བྱིས་པ་གཞན་རྣམས་ཕྱོགས་བཟུང་ནས་འཐབ་མོ་བྱེད་དུས་མི་བཞུགས་པར་བྱོལ་ཏེ། ཐ་མལ་པའི་རྩེད་མོ་མི་མཛད། ཅུང་ཟད་ནར་སོན་པ་ན། རྩེ་གྲོགས་རྣམས་འཐབ་ཏུ་མི་འཇུག་པར་ཐམས་ཅད་གྲལ་དུ་བཀོད་ནས་འཇིམ་པ་ལ་གཏོར་མའི་རྣམ་པ་མང་པོ་བཟོས། གཡམ་པ་ཤིང་ལེབ་སོགས་ལ་རྔའི་ཚུལ་དུ་བྱས། ཆོས་སྐྱོང་ལ་གཏོར་བསྐང་འབུལ་བའི་རྣམ་འགྱུར་ཁོ་ན་མཛད། རྒྱུན་དུ་སྐུ་རྩེད་ཀྱི་རྔ་ཆུང་ཞིག་ཡོད་པ་བརྡུང་བཞིན་གླིང་བསྐོར་ལ་སྟང་སྟབས་ཀྱི་འགྲོས་མཛད་ཅིང་འབྱོན། དེ་དུས་ཡོལ་ཐེག་ཆེན་རྩེར་ཤར་དགས་པོའི་པཎ་ཆེན་གསུམ་པ་ཀརྨ་འཕྲིན་ལས་པ་སྐུ་ན་བགྲེས་པོ་ཞིག་དབེན་པར་བཞུགས་པའི་ཁད་ཉེ་སར་ཕེབས་པ་ན། སྙན་དུ་རྩེད་མོའི་རྔ་ཆུང་གི་སྐད་ནམ་གསན་ཀྱང་དེ་འཕྲལ་དུ་རྗེའི་གསུང་ལས། དབོན་པོ་དཔལ་འབྱོར་ཡོད་པར་འདུག །ནང་དུ་བོས་གསུང་སྐུ་འཁྲིས་སུ་གདན་རེ་བཏིང་འདིར་སྡོད་གསུང༌། གསོལ་ཇ་དང་བུ་རམ་སོགས་བཞེས་སྤྲོའི་གནང་སྐྱོང་མཛད། སྐུ་ཞང་ལྷ་གདོང་ནས་ནང་སོ་སྐུ་མཆེད་དང་ལྷན་དུ་བཀའ་དབང་གསན་པ་དང༌། མཇལ་ཁ་ལ་ཡང་ཡང་ཕེབས་དུས་རྗེ་འཕྲིན་ལས་པས་ཁོང་རང་གི་ཉེ་གནས་ཆོལ་བཀའ་གནང་སྟེ། གསོལ་ཇའི་དུས་དབོན་པོ་འདི་ལ་སྔོན་ལ་དྲོངས་གསུངས། ནང་སོ་ཞལ་ངོ་ལ་བཙུན་ཆུང་ལ་ཇ་སྣ་གཏད་བསམ་པ་མ་མཛད། ཁྱེད་རང་ཚོས་བདག་རྐྱེན་མཛད་དགོས་པའི་མི་ཡིན་མོད་གསུངས། ཡབ་ཡུམ་རྣམས་སྐུ་འཁྲིས་སུ་བྱོན་དུས་དཔོན་པོ་དཔལ་འབྱོར་འདི་