[A:༢༥༩] ཡོལ་གྱི་དབང་སར་བཞུགས་ནས་འཛིན་སྐྱོང་མཛད་ཀྱང༌། འཕྲལ་ཐུགས་ལྕམ་པས། མིག་འདྲིས་ཁྱེར་བའི་དྲག་ཞན་ཀུན་གྱི་བརྙས་པས་ཅུང་ཟད་མཛད་དཀའ་བར་བྱུང་ཀྱང་ཁོང་རང་གི་ངོས་ནས་ལུགས་གཉིས་ཀྱི་ཡིག་ཚང་གོ་ཞིང༌། སྐྱེས་སྟོབས་ཀྱི་ཤེས་རབ་ཆེ་བ། སྡིག་སྤོང་གི་གཉེན་པོ་བརྟན་པ། སྙིང་རྗེས་རྒྱུད་བརླན་པས། དབུལ་ཕོངས་དང་སྡུག་བསྔལ་ཅན་མཐོང་ན་མི་བཟོད་པར་རང་གི་གསོལ་བ་དང་ན་བཟའ་ཡང་འཕོངས་མེད་དུ་སྟེར་བས། འཇིག་རྟེན་པའི་ཡང་དག་པའི་ལྟ་བ་དང་ལྡན་པ་དེ་ལ། ལྷ་གདོང་ནང་སོ་ལྕམ་སྲིང་དྲུག་གི་གཞོན་ཁ། ཨ་སྲས་ཨ་རྒྱལ་ཞེས་པ་ཁབ་ཏུ་བཞེས། ཡོལ་དགོན་པའི་མོ་གླིང་ཆེན་མོ་ཞེས་པར་བཞུགས་ནས་ཡབ་ཡུམ་དུ་སྨྱུག་ལ་ལྷ་གདོང་ནས། ནང་སོས་ཞབས་ཏོག་འཁྱོངས་པར་མཛད། ལོ་འགའ་ཤས་ན། ཨ་སྲས་དྲུང་རིན་ཅེན་གླིང་གི་གཙང་གཞིས་གསེར་སྡིངས་སུ་ཕེབས་ནས་ལོ་བདུན་ཙམ་བཞུགས། ཡོལ་བླ་བྲང་གི་ནོར་གཉེར་སོགས་འཛིན་སྐྱོང་ཐམས་ཅད་སྐུ་ཞང་ལྷ་གདོང་ནས་ནང་སོ་ཆེ་བས་མཛད། ལོ་ཉི་ཤུ་ཙམ་གདན་སར་བཞུགས་མཁན་མེད་ཀྱང༌། དགོན་པའི་འཛིན་བཀོད་གཞི་རྐྱེན་བསྡུ་གསོག་ཕུལ་དུ་ཕྱིན་པ་བྱུང་འདུག་གོ །དེ་ནས་གངས་ཅན་གྱི་ཡུལ་འདིའི་དབུས་ཀྱི་ཆ། སྐྱིད་གཡོར་གཉིས་ཀྱི་སའི་དཔལ་ཡོན་འདུུ་ས་ན། ཡུལ་གྲུ་དུ་མ་ཡོད་པའི་ནང་ནས་ཡོལ་ཕུ་རི་གོང་ཞེས་པའི་གྲགས་པའི་བ་དན་དཀར་བ་དེར། སྔོན་གྲུབ་པའི་དབང་ཕྱུག་སངས་རྒྱས་གཉན་སྟོན་མཆོག་གི་དངོས་གྲུབ་བརྙེས་པའི་བསྟི་གནས་སུ་འགྲོ་མགོན་ཆོས་རྗེ་སྟོན་པ་སོགས་སློབ་མ་རྗེས་འབྲང་དང་བཅས་པས་གྲུབ་པའི་སྡེ་རྒྱས་པར་མཛད་ཅིང༌། ད་ལྟ་མྱུར་མཛད་ཡེ་ཤེས་མགོན་པོའི་ཕོ་བྲང༌། གནས་གསུམ་མཁའ་འགྲོ་